འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་14ཉིན།

༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་འཇིགས་སྐུལ་རིང་ལུགས“ཐར་པར་གཏན་ནས་མི་གཏོང་རྒྱུའི”འབོད་སྐུལ་མཐའ་གཅིག་ཏུ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་14ཉིན། 10:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཧྥུའུ་ཚུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་མིག་སྔར་འཇིགས་སྐུལ་རིང་ལུགས་ཤུགས་ཆེར་འགྲོ་ཚུལ་མངོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་འཇིགས་སྐུལ་གྱི་ཉེན་ཁ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱ་རྒྱུ་དེ་གྲོས་རིམ་གྱི་གནས་བབ་ཨང་དང་པོར་བཞག་ནས། འཇིགས་སྐུལ་རིང་ལུགས་ལ“ཐར་པར་གཏན་ནས་མི་གཏོང་རྒྱུ་མཐའ་འཁྱོངས”ཀྱིས“ཚད་གཞི་གཉིས་འཛིན”དང“གདམ་གའི་རང་བཞིན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར”ངོ་རྒོལ་བྱས་ཏེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    ཧྥུའུ་ཚུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་སྤེལ་བའི་སྙན་ཞུའི་ནང་ཉེ་དུས་སི་རི་ཡའི་དུས་བབ་གློ་བུར་དུ་འགྱུར་ལྡོག་བྱུང་བས་འཇིགས་སྐུལ་རྩ་འཛུགས་ཀྱིས་ཟང་ཟིང་གི་དུས་བབ་དང་བསྟུན་ནས་མཇིང་པ་གཡག་ལས་སྦོམ་དུ་འགྲོ་སྲིད་པ་དང་གོ་མཚོན་མཛོད་ཀྱང་འཇིགས་སྐུལ་པའི་ལག་ཏུ་ཐེབས་སྲིད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་ཚད་མཐོའི་དོ་ཁུར་བྱེད་དགོས་ངེས་བཏོན་ཡོད་ཅེས་བརྗོད།

    ཧྥུའུ་ཚུང་གིས་མིག་སྔའི“དབྱི་སི་ལམ་རྒྱལ་ཁབ”དང“རྟེན་གཞིའི”རྩ་འཛུགས་སོགས་འཇིགས་སྐུལ་རྩ་འཛུགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དུ་བྱེད་སྤྱོད་སྣ་ཚོགས་སྤེལ་བ་མ་ཟད། ཕན་ཚུན་ངན་སྦྲེལ་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་དུས་བབ་ལ་གཏོར་བཤིག་བཏང་ཡོད་ལ། ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལའང་འཇིགས་སྣང་བཟོས་ཡོད། ཀྲུང་གོ་ཕྱོགས་ནས་ཨ་ཧྥུ་ཀ་ནི་སི་ཐན་གནས་སྐབས་སྲིད་གཞུང་གིས་ཁ་ཡོད་ལག་ཡོད་དང་ཞིབ་དཔྱད་ཐུབ་པའི་བྱེད་སྤྱོད་སྤྱད་དེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ས་ཁོངས་ནང་བྱེད་སྤྱོད་སྤེལ་མཁན་གྱི་འཇིགས་སྐུལ་རྩ་འཛུགས་ཚང་མ་ཐོར་ཞིག་གཏོང་བ་དང་མེད་པར་བཟོ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ནས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་མཉམ་དུ་འཇིགས་སྐུལ་དང་འབྲེལ་བ་ཡོད་པའི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་དེ་ཉིད་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་ནང་ཞུགས་རྒྱུར་རོགས་རམ་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་ཆགས་ས་བརྟེན་ས་མེད་པ་བཟོ་དགོས་ཞེས་བརྗོད་པ་རེད།