གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་13ཉིན། 14:16】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་12ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཉིན་དེར་ཁོང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་དུས་ཡུན་རིང་པོ་དང་ཕན་འབྲས་ཧ་ཅང་ཆེན་པོ་ལྡན་པའི་ཁ་པར་ཐོག་སྤེལ་རེས་ཐེངས་གཅིག་བྱས་པ་ཡིན་ཞེས་བཤད་པ་རེད། ཕྱོགས་གཉིས་པོས་ཡུག་རེན་གྱི་གནད་དོན་དང་། དབུས་ཤར། ནུས་ཁུངས། མིས་བཟོས་རིག་ནུས། ཨ་སྒོར་དང་དེ་བཞིན་གླེང་གཞི་གཞན་དག་མང་པོར་གྲོས་བསྡུར་བྱས་པ་རེད།
ཐེ་རོན་ཕུ་ཡིས་བསྟན་དོན། ཕྱོགས་གཉིས་པོས་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཇུག་འགྲིལ་རྒྱུའི་རེ་བ་བྱས་པ་མ་ཟད། ཕ་རོལ་པོའི་རྒྱལ་ཁབ་ལ་ཕན་ཚུན་འཚམས་འདྲི་བྱ་རྒྱུ་ཚུད་པའི་མཉམ་ལས་དམ་ཟབ་བྱ་རྒྱུའི་མོས་མཐུན་བྱུང་། ཕྱོགས་གཉིས་པོས་ད་དུང་རང་སོ་སོའི་ཚོགས་པས་འཕྲལ་མར་གྲོས་མོལ་བྱེད་འགོ་འཛུགས་རྒྱུའི་མོས་མཐུན་བྱས་པ་མ་ཟད། ཐོག་མར་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་འབྲེལ་བ་བྱས་ནས་ཁོང་ལ་ད་ཐེངས་ཀྱི་གླེང་མོལ་ནང་དོན་གསལ་བཤད་བྱ་རྒྱུ་ཡིན། ཐེ་རོན་ཕུ་ཡིས་ཨ་རིའི་རྒྱལ་དོན་བློན་ཆེན་དང་། ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་། རྒྱལ་ཁབ་བདེ་འཇགས་བློ་འདྲི་བ། དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉ་བཅས་ཀྱིས་གྲོས་མོལ་ལ་འགོ་ཁྲིད་བྱ་རྒྱུའི་རེ་བ་བཏོན་ཡོད་པས། ཐེ་རོན་ཕུ་ཡིས་གྲོས་མོལ་དེ་དག་ལེགས་འགྲུབ་ཡོང་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད་པ་རེད།
གཞན་ཡང་ཚེས་12ཉིན་གྱི་དགོང་མོར་ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་ཁ་པར་བརྒྱུད་སྤེལ་རེས་བྱས་པ་རེད། ཕུའུ་ཅིང་དང་ཐེ་རོན་ཕུ་ཡིས་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་དང་། དེ་བཞིན་ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་པོའི་འབྲེལ་བའི་ཐད་གྲོས་བསྡུར་བྱས་པ་རེད། ཕུའུ་ཅིང་གིས་ད་དུང་ཐེ་རོན་ཕུ་མོ་སི་ཁོར་འཚམས་འདྲིར་ཡོང་བར་གདན་འདྲེན་ཞུས་ཡོད།
ཕུའུ་ཅིང་གིས་གྲོས་མོལ་བྱས་པ་བརྒྱུད་ཡུག་རེན་གྱི་གནད་དོན་ཡུན་རིང་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཐེ་རོན་ཕུ་ཡི་ལྟ་བར་མོས་མཐུན་བྱས་པ་རེད། ཕུའུ་ཅིང་གིས་ཐེ་རོན་ཕུ་ལ་ཨུ་རུ་སུ་ནས་ཡུག་རེན་གནད་དོན་ལ་གྲོས་བསྡུར་བྱེད་པའི་འབྲེལ་ཡོད་དཔོན་རིགས་ཚུད་པའི་ཨ་རིའི་དཔོན་རིགས་ལ་སྣེ་ལེན་བྱེད་འདོད་ཡོད་ཅེས་བཤད་པ་རེད། ཕུའུ་ཅིང་གིས་དུས་མཚུངས་སུ་གདོང་ཐུག་བྱུང་བའི་རྩ་བའི་རྒྱུ་རྐྱེན་ངེས་པར་དུ་མེད་པར་བཟོ་དགོས་ཞེས་ནན་བཤད་བྱས།