འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་འཕྲོ་བར་བྱེད་མཁན“ས་མཐོའི་གློག་སྲུང་བ”

—— བོད་ལྗོངས་ཚེ་སྤོང་འོད་ཤུགས་གློག་ཁང་ལ་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 13:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། པའེ་མིང་ཧྲན། སྐལ་བཟང་དཔལ་འབྱོར། ཅང་ཧྥན།

ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་རི་རྩེར་འོད་ཤུགས་ཤེལ་ལེབ་རེ་རེ་བཞིན་རི་འདེབས་སུ་སྒྲིག་སྦྱོར་བྱས་པ་དེ་ནི་ནམ་མཁའ་དང་སྦྲེལ་བའི་མཚེའུ་དང་འདྲ། ཉི་འོད་འོག་འོད་ཤུགས་སྒྲིག་ཆས་དེ་དག་ནས་འོད་ཆེམ་ཆེམ་དུ་འཕྲོ།

འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཚེ་སྤོང་གྲོང་ཚོར་ཡོད་པའི་ཧྭ་གློག་བོད་ལྗོངས་ཚེ་སྤོང་འོད་ཤུགས་གློག་ཁང་ཡིན་པ་དང་། འོད་ཤུགས་སྒྲིག་བཀོད་སྒྲིག་སྦྱོར་བྱ་ཡུལ་གྱི་ས་བབ་མཐོ་ཤོས་ལ་སྨི་5228ཟིན་ཡོད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། “ས་མཐོའི་གློག་སྲུང་བ”ཁག་གཅིག་གིས་འདི་གར་ལས་གནས་བརྟན་སྲུང་བྱས་ནས་ཁྱིམ་ཚང་མང་པོར་དྲོ་སྐྱིད་དང་རེ་བ་སྦྱིན།

སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ། གློག་ཁང་གི་གཉེར་སྐྱོང་འགན་འཁུར་བ་དབྱང་ཧྲེང་ཕིང་དང་ལས་རོགས་6རི་འདབས་ཀྱི་གློག་ཤུགས་འཕར་ཚུགས་ནས་ཐོན་ཏེ། ཀྱག་ཀྱོག་གི་རི་ལམ་བརྒྱུད་རི་རྩེའི་འོད་ཤུགས་སྒྲིག་བཀོད་ཁུལ་དུ་འཛེགས་ནས་ཉིན་གཅིག་གི་ལས་ཀ་བྱེད་འགོ་བརྩམས།

“འདི་ནི་དུས་ཐེངས་དང་པོའི་རྣམ་གྲངས་རེད། སྟེང་གི་དེ་ནི་དུས་ཐེངས་གཉིས་པའི་རྣམ་གྲངས་རེད”ཅེས་དབྱང་ཧྲེང་ཕིང་གིས་བརྗོད། དུས་ཐེངས་གཉིས་ཀྱི་རྣམ་གྲངས་ལ་ཁྱོན་འོད་ཤུགས་སྒྲིག་ཆས་ཁྲི་24ལྷག་ཙམ་ཡོད་ཅིང་། ཁོང་ཚོའི་ལས་ཀ་ནི་འོད་ཤུགས་སྒྲིག་ཆས་དང་། ལྡོག་འགྱུར་ཡོ་ཆས། གློག་སྒྱུར་ཡོ་ཆས་སོགས་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་མིན་ལ་ཞིབ་བཤེར་བྱ་རྒྱུ་དེ་རེད།

“མི་7གྱིས་སྒྲིག་ཆས་ཚང་མར་ཞིབ་བཤེར་བྱེད་པར་གཟའ་འཁོར་གཉིས་ཙམ་འགོར་བ་དང་། ཚང་མ་ལས་མིས་རྐང་ཐང་མར་བསྐྱོད་དེ་རེ་རེ་བཞིན་ཞིབ་བཤེར་བྱེད་དགོས་ཀྱི་ཡོད”ཅེས་དབྱང་ཧྲེང་ཕིང་གིས་བརྗོད།

དབྱང་ཧྲེང་ཕིང་དང་ལས་རོགས་ཚོས་ཉིན་ལྟར་རྐང་ཐང་མར་སྤྱི་ལེ་5ཙམ་བསྐྱོད་དེ་འོད་ཤུགས་ཤེལ་ལེབ་2000ལྷག་ཙམ་ལ་ཞིབ་བཤེར་བྱེད་ཀྱི་ཡོད། ལ་དུག་ཚབས་ཆེན་ཕོག་ནས་དབྱང་ཧྲེང་ཕིང་རྟག་ཏུ་མགོ་ན་བ་དང་སྐབས་འགར་ད་དུང་དབུགས་འབྱིན་རྔུབ་དཀའ་ཡང་། ཁོང་གིས་ཉིན་གཅིག་ཀྱང་ངལ་གསོ་རྒྱག་མྱོང་མེད།

“སྐྱོན་ཤོར་ས་ཞིབ་བཤེར་ཇི་ཙམ་ཐུབ་པ་དཔྱིད་གསར་དུས་ཆེན་སྐབས་གློག་སྒྲོན་དེ་ཙམ་གསལ་བའི་འགན་ལེན་བྱེད་ཐུབ”ཅེས་ཁོང་གིས་བརྗོད།

ཆུ་ཚོད་13ཡོལ་ཙམ་ལ། དབྱང་ཧྲེང་ཕིང་དང་བསྟན་འཛིན་ཆོས་དར་གཉིས་ས་ལ་བསྡད་ནས་ལྟོ་སུད་བཟས། དེ་ནས་ངལ་གསོ་ཕྲན་བུ་བརྒྱབ་རྗེས་སླང་ཡང་ལས་ཀ་བྱེད་འགོ་ཚུགས།

“བསྟན་འཛིན། ལྟོས་དང་། གཅུས་གཟེར་འདི་ལྷུག་ཏུ་སོང་འདུག”ཅེས་དབྱང་ཧྲེན་ཕིང་གིས་འོད་ཤུགས་སྒྲིག་ཆས་ཤིག་གི་འགྲམ་དུ་བསྡད་ནས་འབོད། འབོད་པར་ཐོས་རྗེས་གློག་སྐུད་ལ་ཞིབ་བཤེར་བྱེད་བཞིན་པའི་བསྟན་འཛིན་ཆོས་དར་གྱིས་ལམ་སེང་དབྱང་ཧྲེང་ཕིང་གི་འགྲམ་དུ་ཡོང་སྟེ། ལག་ཆའི་ཁུག་མ་ནས་ལག་ཆ་བཏོན་ཏེ་ལྷུག་ཏུ་སོང་བའི་གཅུས་གཟེར་དམ་དུ་བཏང་།

“གལ་ཏེ་དུས་ཐོག་ཏུ་ཉམས་བཟོ་མ་བྱས་ཚེ་འོད་ཤུགས་སྒྲིག་ཆས་ཀྱི་ལྕགས་སྒྲོམ་ཡོམ་བརྒྱབ་ནས་ལྷགས་པ་ཆེན་པོ་བརྒྱབ་ན་ལོག་ཉེན་ཡོད”ཅེས་དབྱང་ཧྲེང་ཕིང་གིས་བརྗོད། བསྟན་འཛིན་ཆོས་དར་གྱི་ཟིན་བྲིས་དེབ་ཐོག་ཁོང་ཚོའི་ལས་ཐོ་སྟེ། སྟར་པ་13པའི་ལྡོག་འགྱུར་ཡོ་ཆས་ཨང་2པའི་གློག་རྒྱུན་ལམ་ལག་ཨང་45པའི་དྲོད་ཚད་ཆེ་དྲགས་པའི་གནད་དོན་ཐག་གཅོད་བྱས་ཟིན་པ་དང་། སྟར་པ་9པའི་ལྡོག་འགྱུར་ཡོ་ཆས་ཨང་1པོའི་གློག་རྒྱུན་ལམ་ལག་ཨང་4པའི་ལྷགས་པས་ཁྱེར་བའི་འོད་ཤུགས་སྒྲིག་ཆས་གཅིག་བརྗེས་ཟིན་པ་ལ་སོགས་པ་བཀོད་ཡོད།

ཆུ་ཚོད་18ཡོལ་ཙམ་ལ། དབྱང་ཧྲེང་ཕིང་དང་ལས་རོགས་ཚོ་ཉིན་དེའི་ཞིབ་བཤེར་ལས་ཀ་མཇུག་འགྲིལ་ནས་རི་གཤམ་གྱི་གློག་ཤུགས་འཕར་ཚུགས་སུ་ལོག དབྱང་ཧྲེང་ཕིང་གིས་ཀུང་སིར་ཉིན་གཅིག་རིང་ལས་ཀ་གང་བྱས་པ་སྙན་སེང་ཞུས་པ་དང་། དེ་རྗེས་མི་སྣ་བཀོད་སྒྲིག་བྱས་ནས་ནུས་གསོག་གློག་སྨན་ལ་གློག་གསོག་ཏུ་བཅུག

ངོ་སྤྲོད་བྱས་པར་གཞིགས་ན། ཧྭ་གློག་བོད་ལྗོངས་ཚེ་སྤོང་འོད་ཤུགས་གློག་ཁང་གི་དུས་ཐེངས་གཉིས་པོའི་རྣམ་གྲངས་ནས་སྤྱིར་གློག་འདོན་ཤུགས་ཆན་ཝ་ཁྲི་15ཟིན་པ་དང་། སྔོན་དཔག་བྱས་ན་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.45ཟིན་རྒྱུ་རེད།

དཔྱིད་གསར་དུས་ཆེན་རིང་། དབྱང་ཧྲེང་ཕིང་དང་ལས་རོགས་ཚོས་ཉིན་ལྟར་འོད་ཤུགས་སྒྲིག་བཀོད་ལ་ཞིབ་བཤེར་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་འོད་སྣང་བསྲུངས་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)