འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།ན་ནིང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ། ལོ་ཧྲིལ་པོར་སྐྱེ་ཁམས་ལས་གནས་ཁྲི་43.98བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 13:57】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། གསར་འགོད་པས་2025ལོའི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2024ལོར་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་རྒྱུན་མཐུད་བརྟན་པོ་བྱུང་ཡོད། བོད་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%དང་། གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་རིགས་གསུམ་པའི་ཆུ་གཟུགས་ཀྱི་སྤུས་ཚད་ལོན་པའམ་དེ་ལས་ལེགས་པའི་བསྡུར་ཚད་100% འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%བཅས་ཟིན་ཡོད།

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ཝང་ཞའོ་ཏུང་གིས་ངོ་སྤྲོད་བྱས་དོན། སྦགས་བཙོག་འགོག་བཅོས་ཐད་བོད་ཀྱིས་གཙང་པོར་བཙོག་འབུད་མདོ་ཁར་ཚད་ལྡན་ཅན་གྱི་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། བཙོག་འབུད་མདོ་ཁ་128ལ་ཡིག་ཚགས་བཟོ་བ་དང་ལྟ་ཞིབ་ཚད་ལེན་བྱས་ནས་གཙང་པོར་བཙོག་འབུད་ཀྱི་ཆུ་སྤུས་ཚད་ལོན་ཚད་100%ཟིན་ཡོད། གྲོང་ཚོ་623ལ་འཚོ་བའི་བཙོག་ཆུ་བཅོས་སྒྲིག་སྒྲིག་ཆས་གསར་དུ་བསྣན་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག(དོ་དམ་ཚོད་འཛིན)བྱེད་ཚད་51.9%བར་མཐོ་རུ་ཕྱིན་ཡོད། རྫོང་20ལ་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་གསར་སྣོན་བྱེད་པ་དང་། ལྷ་ས་གྲོང་ཁྱེར་མེར་སྲེག་གློག་གཏོང་བཟོ་གྲྭ(དུས་ཐེངས་གཉིས་པ)དང་གཞིས་རྩེ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཨར་འདམ་དོང་མཐུན་སྦྱོར་ཐག་གཅོད་རྣམ་གྲངས་ཚོད་ལྟ་བྱེད་འགོ་ཚུགས་ནས་ཉིན་རེར་ཁྱོན་གད་སྙིགས་ཏུན་1200གཙང་སེལ་ཐུབ་ཀྱི་ཡོད།

སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་བོད་ཀྱིས་སྐྱིད་གྲོང་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྔོན་སྤེལ་ཁུལ་དུ་བརྟག་དཔྱད་བྱས་པ་མ་ཟད། ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། མངའ་རིས་བཅས་ས་ཁུལ་དུ་དམར་ཕྱིའི་པར་ཆས་130བཀོད་སྒྲིག་བྱས་ནས་རི་སྐྱེས་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱས་ཡོད། “རྒྱལ་ཁབ་ཀྱི་ས་ཚིགས་6དང་ལྟ་ཞིབ་ཚད་ལེན་མ་དཔེའི་གནས་661”གི་སྐྱེ་ཁམས་སྤུས་ཚད་ས་ངོས་ལྟ་ཞིབ་ཚད་ལེན་གྱི་སྟེགས་བུ་རགས་ཙམ་བཙུགས་ཡོད། ལོ་ཧྲིལ་པོར་སྐྱེ་ཁམས་ལས་གནས་ཁྲི་43.98བཀོད་སྒྲིག་བྱས་པ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་15ལྷག་ཙམ་བཏང་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་དམངས་འཚོ་ལས་ཞུགས་ལ་རམ་འདེགས་བྱས་ཡོད།

དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། བོད་ཀྱིས་ས་ཡོམ་ཁོར་ཡུག་འཕྲལ་སྡོམ་ལས་དོན་སྤེལ་ནས་རིམ་རྩིས་བརྒྱབ་ན་ཁྲིམས་སྒྱུར་པ་མི་ཐེངས་1444བཏང་བ་དང་། ཁེ་ལས་738ལ་གྲལ་བཤེར་བྱས་པ། ས་ཚིགས་199ལ་ལྟ་ཞིབ་ཚད་ལེན་བཅས་བྱས་ཏེ་ཞོར་ཐོན་གནོད་འཚེ་སྔོན་འགོག་ནུས་ལྡན་བྱས་ཡོད།

(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)