འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།རྒྱལ་ཡོངས་སུ་རྨང་གཞིའི་རིམ་པའི་རིག་ནུས་ བཟོ་གྲྭ་ཁྲི་3ལྷག་ཙམ་བསྐྲུན་པ།

ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭའི་སྤུས་ཞན་ཐོན་རྫས་ཐོན་ཚད་ཆ་སྙོམས་50.2%ཆག་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 13:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར། རྒྱལ་ཡོངས་སུ་རྨང་གཞིའི་རིམ་པའི་རིག་ནུས་བཟོ་གྲྭ་ཁྲི་3ལྷག་ཙམ་དང་། སྔོན་ཐོན་རིམ་པའི་རིག་ནུས་བཟོ་གྲྭ་1200ལྷག་ཙམ། ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭ་230ལྷག་ཙམ་བཅས་བསྐྲུན་ནས་རིག་ནུས་བཟོ་གྲྭའི་རིམ་པ་སྐྱེད་སྲིང་བྱ་སྤྱོད་ལ་ཕན་འབྲས་རགས་ཙམ་ཐོན་ཡོད།

བསྡོམས་རྩིས་བརྒྱབ་པ་ལྟར་ན། ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭ་དེ་དག་ཞིང་ཆེན་31ཏུ་ཁྱབ་ཡོད་པ་དང་། ཁེབས་ཚད་བཟོ་སྐྲུན་ལས་རིགས་ཀྱི་རིགས་ཆེ་གྲས་80%ལྷག་ཙམ་ལ་ཁྱབ་ཡོད། ཁྱོན་བསྡོམས་རིག་ནུས་མཛོད་ཉར་དང་། དྲ་ཐོག་རིག་ནུས་ཞིབ་དཔྱད། ཐོན་རྫས་གྲངས་འཛིན་ཅན་གྱི་ཞིབ་འཇུག་གསར་སྤེལ་དང་ཇུས་འགོད། རིག་ནུས་ཐོན་སྐྱེད་སྙོམས་སྒྲིག་བཀོད་གཏོང་། སྤུས་ཚད་ཁུངས་འདེད་དང་དབྱེ་ཞིབ་ལེགས་བཅོས་སོགས་ཕུལ་བྱུང་ལས་རྣམ་2000ཙམ་བཏོད་ཡོད། བཟོ་གྲྭའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་དུས་འཁོར་གྱི་ཆ་སྙོམས་28.4%ཐུང་དུ་ཕྱིན་པ་དང་། ཐོན་སྐྱེད་ལས་ཕྱོད་ཆ་སྙོམས་22.3%མཐོ་རུ་ཕྱིན་པ། སྤུས་ཞན་ཐོན་རྫས་ཐོན་ཚད་ཆ་སྙོམས་50.2%ཆག་པ། ཐཱན་འབུད་ཚད་ཆ་སྙོམས་20.4%ཉུང་དུ་ཕྱིན་པ། སྤུས་འབྲས་ལེགས་གཉེར་བྱས་ནས་ཐཱན་འབུད་ཚད་ཉུང་དུ་བཏང་བའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ་བཅས་ལས་རང་རྒྱལ་གྱི་བཟོ་སྐྲུན་ཁེ་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་རིག་ནུས་ཅན་གྱི་རིམ་སྤོར་གྱི་སྔོན་ཐོན་ཆུ་ཚད་མཚོན་གྱི་ཡོད།

རིག་ནུས་བཟོ་གྲྭ་ནི་རིག་ནུས་བཟོ་སྐྲུན་གྱི་གཞི་རྟེན་གཙོ་བོ་ཡིན་པ་དང་། དེ་ནི་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་རིག་ནུས་ཅན་གྱི་རིམ་སྤོར་གྱི་གཡུལ་ས་གཙོ་བོ་ཞིག་རེད། ན་ནིང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་དྲུག་གིས་མཉམ་དུ་2024ལོའི་ལོ་འཁོར་གྱི་རིག་ནུས་བཟོ་གྲྭའི་རིམ་པ་སྐྱེད་སྲིང་བྱ་སྤྱོད་སྤེལ་ནས། ཁེ་ལས་ཀྱིས་རྨང་གཞིའི་རིམ་པ་དང་། སྔོན་ཐོན་རིམ་པ། ཕུལ་བྱུང་རིམ་པ། སྣེ་ཁྲིད་རིམ་པ་བཅས་རིམ་པ་དབྱེ་ནས་རིག་ནུས་བཟོ་གྲྭ་བསྐྲུན་པར་རྒྱབ་སྐྱོར་བྱས་ཡོད། མིག་སྔར་2024ལོའི་ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭའི་མིང་ཐོ་དངོས་སུ་བཀྲམ་ཡོད།

(རིག་རྡོར་གྱིས་བསྒྱུར། སྒྲོན་ལགས་དང་རིག་རྡོར་གྱིས་ཞུས)