འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨེ་ཅིབ་ཀྱི་རླུང་གློག་རྣམ་གྲངས་ཀྱིས་དུད་ཚང་ཁྲི་སྟོང་མང་པོར་གློག་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 13:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཞའོ་ཞའོ།

    རླུང་འཁོར་T24ཡི་སྒྲོ་གཤོག་མཐའ་མ་དེ་གནད་ལ་འཁེལ་པོས་སྒྲིག་སྦྱོར་བྱས་པ་དང་ཆབས་ཅིག ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཨེ་ཅིབ་ཀྱི་ཀྲའོ་ཝ་500ཡི་སུའུ་དབྱི་ཧྲི་མཚོ་ཁུག་གི་རླུང་གློག་རྣམ་གྲངས(གཤམ་དུ“སུའུ་དབྱི་ཧྲི་མཚོ་ཁུག་གི་རླུང་གློག་རྣམ་གྲངས”ཞེས་བསྡུ་རྒྱུ)ཀྱི་རླུང་འཁོར་77འདེགས་སྒྲིག་གི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད།

    སུའུ་དབྱི་ཧྲི་མཚོ་ཁུག་གི་རླུང་གློག་རྣམ་གྲངས་ནི་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ་300ཙམ་ཡོད་པའི་སུའུ་དབྱི་ཧྲི་མཚོ་ཁུག་ནུབ་ངོགས་ཀྱི་གྲོང་རྡལ་ཆུང་གྲས་ལཱ་སི·ཅཱ་ལི་པུའུ་རུ་གནས་ཡོད། རྣམ་གྲངས་དེར་ཁྱོན་རླུང་འཁོར་77ཡོད་པ་དང་བསྐྲུན་རྗེས་སྔོན་དཔག་བྱས་ན་ལོ་རེར་ཆུ་ཚོད་ཆན་ཝ་དུང་ཕྱུར་27ཙམ་གྱི་ནུས་རྒྱུ་གཙང་མའི་གློག་ཐོན་སྐྱེད་ཐུབ་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་100ཙམ་ཉུང་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད། ཨེ་ཅིབ་ཀྱི་ལག་རྩལ་ཆེ་མོ་བ་མཱ་ཧ་མའོ་ཏེ·མུའུ་ཧན་མོ་ཏེས“ཐང་སྟེང་དེར་ལས་ཀ་བྱས་ཏེ་སུའུ་དབྱི་ཧྲི་མཚོ་ཁུག་གི་རླུང་ཤུགས་གློག་ནུས་སུ་བསྒྱུར་ནས་དུད་ཚང་ཁྲི་སྟོང་མང་པོར་གློག་གཏོང་ཐུབ་པར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་བརྗོད།

    “རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཐོག་མའི་དུས་སུ་དེ་གར་ཐང་རྒོད་ཡིན་པས་དྲ་རྒྱའི་བརྡ་རྟགས་ཀྱང་མེད། རྣམ་གྲངས་ཚོགས་པས་དཀའ་ངལ་ཁྱད་བསད་བྱས་ཏེ་སྔོན་ལ་ལམ་བསྐྲུན་པ་དང་། ཆུ་འདྲེན་རླངས་འཁོར་གྱིས་ཆུ་དབོར་བ། ཁྲའེ་ཡིའུ་འཕྲུལ་འཁོར་གྱིས་གློག་གཏོང་བ་བཅས་བྱས་ནས་རྣམ་གྲངས་བདེ་བླག་ཡོང་བར་སྐུལ་འདེད་བཏང་ཡོད། མིག་སྔར་རྣམ་གྲངས་དེ་ཕྱོགས་ཡོངས་ནས་དྲ་སྦྲེལ་གློག་གཏོང་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད”ཅེས་རྣམ་གྲངས་ཀྱི་ཅིང་ལི་ཀྲང་ཀྲེ་ཡིས་བརྗོད།

     གསར་འགོད་པས་ཚོད་འཛིན་ལྟེ་གནས་གཞུང་ལས་ཁང་གི་བརྙན་ཤེལ་ཆེན་པོའི་ཐོག་པར་ལེན་འཕྲུལ་ཆས་11གིས་རྣམ་གྲངས་འཛུགས་སྐྲུན་ལ་རྟག་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་བཞིན་ཡོད་པ་མཐོང་བྱུང་། “རིག་ལྡན་འཛུགས་སྐྲུན་དོ་དམ་ལས་སྟེགས་ཀྱིས་མི་མངོན་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་འབྲེལ་མགྱོགས་མྱུར་ཐག་གཅོད་ཐུབ་པས་རྣམ་གྲངས་ལག་བསྟར་ཐད་ཕྱོགས་ཡོངས་ཀྱི་ཆ་འཕྲིན་གྱི་རྒྱབ་སྐྱོར་བྱས་ཡོད། རིག་ལྡན་འཛུགས་སྐྲུན་དོ་དམ་ལས་སྟེགས་དེ་ཨེ་ཅིབ་ཏུ་སྤྱོད་ཐེངས་དང་པོ་རེད”ཅེས་རྣམ་གྲངས་ཀྱི་ཆ་འཕྲིན་ལག་རྩལ་ཅིང་ལི་ཀྲི་ཝུན་ཚའེ་ཡིས་བརྗོད།

    ད་ལོའི་དཔྱིད་གསར་དུས་ཆེན་རིང་རྣམ་གྲངས་ཀྱི་རྒྱུན་ལས་ཅིང་ལི་ཡན་ཧའོ་རན་གྱིས་ལས་གནས་བརྟན་སྲུང་བྱས་པ་དང་དེ་ནི་ཁོང་གིས་ཕྱི་རྒྱལ་དུ་དཔྱིད་གསར་དུས་ཆེན་གཏོང་ཐེངས་གསུམ་པ་རེད། ཁོང་གིས་རྣམ་གྲངས་པུའུ་ཡིས་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་བཟོ་སྒྲིག་འཛུགས་བྱས་ནས་རྐང་རྩེད་སྤོ་ལོ་དང་ཕིང་ཕང་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་བྱས་ཏེ་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དེས་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་བཟོའི་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། ང་ཚོ་ཨེ་ཅིབ་ལས་རོགས་ཀྱི་གཉེན་སྟོན་ལ་གདན་ཞུ་ཐེངས་མང་བྱས་བྱུང་བས་ས་གནས་དེ་གའི་དམངས་ཚོགས་ཧ་ཅང་སེམས་རྩ་འཁོལ་བ་ཚོར་བྱུང”ཞེས་བརྗོད།

    མཱ་ཧ་མའོ་ཏེ·ཤིས་ཧྥུའུ་ཉིས་ཨར་སྐྲུན་ཀུང་སི་ཞིག་གཉེར་སྐྱོང་བྱེད་ཅིང་། 2023ལོར་ཁག་བགོས་འགན་གཙང་ལེན་མཁན་ཚོང་པའི་ངོས་ནས་རྣམ་གྲངས་ཀྱི་འགྲོ་ལམ་དང་འདེགས་སྒྲིག་ལས་སྟེགས་འཛུགས་སྐྲུན་ནང་ཞུགས་པ་རེད། ཤིས་ཧྥུའུ་ཉིས“རྣམ་གྲངས་དེས་ང་ཚོར་ལས་ཞུགས་ཀྱི་གོ་སྐབས་སྦྱིན་པ་མ་ཟད། གྲོང་རྡལ་གྱི་བཟའ་བཏུང་དང་། སྡོད་གནས། འགྲིམ་འགྲུལ་སོགས་ལ་སྐུལ་ཁྲིད་ཀྱང་བྱས་པས་གྲོང་རྡལ་གྱི་དཔལ་འབྱོར་གསོན་ཤུགས་རྒྱས་སོང་། ཕྱིས་སུ་ཀྲུང་གོའི་ཁེ་ལས་དང་མཉམ་ལས་དེ་བས་མང་བ་བྱེད་པ་དང་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ཨེ་ཅིབ་ཀྱི་ལག་རྩལ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    སུའུ་དབྱི་ཧྲི་མཚོ་ཁུག་གི་རླུང་ཤུགས་འཕྲུལ་འཁོར་རྣམ་གྲངས་ཀྱིས་ས་གནས་དེ་གའི་དམངས་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་700ཙམ་མཁོ་འདོན་བྱས་ཡོད། དེ་སྔ་རྣམ་གྲངས་གནས་སའི་ལཱ་སི·ཅཱ་ལི་པུའུ་གྲོང་རྡལ་ཆུང་ངུའི་གྲོང་མི་མང་ཆེ་བའི་ངོས་ནས་བརྗོད་ན། “ནུས་རྒྱུ་གཙང་མ”ཞེས་པར་རྒྱུས་མངའ་མེད། ད་ཆ་གྲོང་རྡལ་ཆུང་ངུའི་ཁྲོམ་གཞུང་དུ་སྐྱོད་སྐབས་ས་གནས་དེ་གའི་གྲོང་མི་མང་པོ་ཞིག་གིས་གསར་འགོད་པར“ཀྲུང་གོའི་རྣམ་གྲངས་ཧ་ཅང་ཡག་པོ་འདུག”ཅེས་སྤྲོ་སྣང་ཆེན་པོས་བརྗོད་ཀྱི་ཡོད།