འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།མ་ལེ་ཞི་ཡས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་རྒྱལ་སྒྲོལ་ཉེས་གསོག་དང་དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 13:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་མ་ལེ་ཞི་ཡའི་ནང་སྲིད་པུའུ་ཀྲང་སའེ་དབྱི་ཧྥུའུ་ཏིང་གིས་རྒྱལ་སྒྲོལ་ཉེས་གསོག་དང་དྲ་རྒྱའི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་དེ་2025ལོར་མ་ལེ་ཞི་ཡ་དེ་ཉིད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་གཙོ་གནད་ཐོག་དོ་ཁུར་བྱེད་པའི་གྲོས་གཞིའི་གྲས་ཤིག་ཡིན་པ་མ་ཟད། ས་ཁོངས་ནང་གི་རྒྱལ་ཁབ་དང་མཉམ་དུ་ཁ་གཏད་གཅོག་ཐབས་ལ་གྲོས་བསྡུར་ཡང་བྱ་རྒྱུ་ཡིན་ལུགས་བརྗོད་པ་རེད།

    མ་ལེ་ཞི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་10ཉིན་མ་ལེ་ཞི་ཡའི་ནང་སྲིད་པུའུ་ཡིས་ཟླ་འཁོར་གྱི་ཚོགས་འདུ་འཚོགས་ཤིང་། སའེ་དབྱི་ཧྥུའུ་ཏིང་གིས་ཚོགས་འདུ་གྲོལ་རྗེས་སྨྱན་སྦྱོར་གྱི་ཁྱབ་བསྒྲགས་ཚོགས་འདུའི་ཐོག“རྒྱལ་སྒྲོལ་ཉེས་གསོག་དེ་ང་ཚོས་གཙོ་གནད་ཐོག་དོ་ཁུར་བྱེད་པའི་ཁྱབ་ཁོངས་ཀྱི་གྲས་ཤིག་ཡིན་པ་མ་ཟད། གསང་འཕྲིན་མཉམ་སྤྱོད་དང་། ནུས་པ་འཛུགས་སྐྱོང་། མཉམ་འབྲེལ་བྱ་སྤྱོད་བཅས་འགག་རྩའི་ཕྱོགས་གསུམ་ཐད་ནས་འགོ་བཙུགས་ཏེ་ཁ་གཏད་གཅོག་གི་ཡིན”ཞེས་བརྗོད་པ་དང་། ཁོང་གིས་རྒྱལ་སྒྲོལ་ཉེས་གསོག་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་གང་རུང་ཞིག་གིས་ཁེར་རྐྱང་ངང་ཐག་གཅོད་བྱེད་ཐབས་བྲལ་བའི་གནད་དོན་ཞིག་ཡིན་པས་ས་ཁོངས་ཀྱི་མཉམ་ལས་བྱས་ནས་ཐུན་མོང་ཐོག་ཐག་གཅོད་བྱེད་དགོས་ཀྱི་ཡོད་ཅེས་བཤད།

    སའེ་དབྱི་ཧྥུའུ་ཏིང་གིས་དྲ་རྒྱའི་ཁ་བསླུས་དང་གྲངས་འཛིན་ཉེས་གསོག་སོགས་ཚུད་པའི་དྲ་རྒྱའི་ཉེས་གསོག་དེ་མ་ལེ་ཞི་ཡར་མང་དུ་ཕྱིན་པ་ཙམ་མ་ཟད། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུའང་ཤུགས་ཆེན་འཕར་གྱི་ཡོད་པས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་མཉམ་དུ་ཁ་གཏད་གཅོག་ཐབས་གྲོས་བསྡུར་རམ་ཡང་ན་ཡང་ན་འཚོལ་ཞིབ་བྱེད་དགོས་ངེས་རེད། ནང་སྲིད་པུའུ་ཡིས་ད་དུང་རྒྱལ་སྒྲོལ་ཉེས་གསོག་དང་དྲ་རྒྱའི་ཉེས་གསོག་སོགས་ལ་རྡུང་རྡེག་གཏོང་བའི་འགག་རྩའི་གྲོས་རིམ་ཚུད་པའི་བདེ་འཇགས་ཚོགས་ཆུང་ནང་ཧུར་ཐག་ཞུགས་ཀྱི་ཡིན། གྲོས་རིམ་དེ་དག་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་ཚོགས་འདུའི་ཐོག་གྲོས་བསྡུར་བྱ་རྩིས་ཡོད་ཅེས་བཤད།

    མ་ལེ་ཞི་ཡས་འདི་ལོའི་ཟླ་1ཚེས་1ཉིན་ནས་2025ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་དངོས་སུ་འཁུར་ཡོད།