འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

༄༅།།2024ལོར་བྷོ་ཧེར་དུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བ་དུས་མཚུངས་ལས་145%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 13:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ས་ར་ཡེ་ཝོ་ནས་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་བྷོ་ཧེར་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོར་བྷོ་ཧེར་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་137.7ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་14.8%འཕར་བ་དང་། དེའི་ནང་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་7.5ཟིན་པ་དེ་དུས་མཚུངས་ལས་145%འཕར་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། ན་ནིང་བྷོ་ཧེར་དུ་ཞག་སྡོད་བྱེད་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་400.3ཟིན་པ་དེ་དུས་མཚུངས་ལས་8.5%འཕར་བ་དང་དེའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཞག་སྡོད་བྱེད་ཚད་11.9%འཕར་ཡོད་པ་རེད།

    ས་ར་ཡེ་ཝོ་ཀྲོའུ་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བ་ཧྥ་ཚི་ལཱ་ཅི་ཆི་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། བྷོ་ཧེར་དང་ཀྲུང་གོའི་དབར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་བས་ཀྲུང་གོའི་ཡུལ་སྐོར་བ་མང་དུ་འགྲོ་རྒྱུར་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། ཀྲུང་གོའི་ཡུལ་སྐོར་བ་བྷོ་ཧེར་གྱི་རྒྱལ་ས་ས་ར་ཡེ་ཝོ་དང་དེ་བཞིན་ཡུལ་སྐོར་གྲོང་ཁྱེར་གཙོ་བོ་གཞན་དག་ཉིན་རེ་བཞིན་འཁྲུག་ཏུ་འགྲོ་བའི་ཚོགས་སྤྱིར་འགྱུར་བ་དང་འབྱུང་འགྱུར་ལོ་ཁ་ཤས་ནང་འཕེལ་ཕྱོགས་དེ་རྒྱུན་མཐུད་རྒྱུ་ཡིན་པ་རེད་ཅེས་བརྗོད།

    2018ལོའི་ཟླ་5པར། ཀྲུང་གོ་དང་བྷོ་ཧེར་གྱི་སྤྱིར་བཏང་གི་རྒྱལ་སྒྲོལ་ལམ་ཡིག་ལྡན་པའི་སྤྱི་དམངས་ལ་ཐོངས་མཆན་མི་དགོས་པའི་ཆོད་ཡིག་དངོས་སུ་ལག་ལེན་བསྟར་བས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་དང་དཔལ་འབྱོར་དང་ཚོང་དོན་མཉམ་ལས་ལ་རམ་འདེགས་ཐུབ་ཡོད་པ་རེད།