མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་ཁོ་ལུའུ་ཁོ་གྲོང་རྡལ་གྱིས་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་བྱེད་ཤུཌ་ཆེ་རུ་བཏང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་13ཉིན། 13:33】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ནས་ཐོན་ཏེ་ཆི་ལེན་ལའི་ལྷོ་འདབས་ནས་ནུབ་ཕྱོགས་སུ་བསྐྱོད་ཚེ། ཡུན་རིང་མ་སོང་བར་ཁོ་ལུའུ་ཁོ་གྲོང་རྡལ་ལན་ཧུའུ་གྲོང་ཚོའི་དབང་ཁྲེན་མཉམ་ལས་ཁང་དུ་འབྱོར་གྱི་ཡོད། སྒོ་མ་འཛུལ་གོང་ནས་པད་ཁའི་དྲི་ཞིམ་དལ་གྱིས་འཐུལ་བ་དང་། འཁོར་ཁང་དུ་སྣུམ་བཙག་འཕྲུལ་འཁོར་ནས་འུར་སྒྲ་གྲགས་པ་དང་ཆབས་ཅིག ཧྲེ་ཡོན་ཁ་ཤས་ཀྱིས་གདམ་གསེས་འཕྲུལ་ཆས་དང་བརྔོས་འཁོར་ནས་སྣུམ་བཙག་པར་ལྟ་བཞིན་ཡོད།
གམ་གྱི་མཛོད་ཁང་དུ་འབའ་ཆ་མཐོན་པོར་སྤུངས་འདུག མཉམ་ལས་ཁང་གི་འགན་འཁུར་བ་དབྱང་ཧྥ་ཡུན་གྱིས“འབའ་ཆ་འདི་དག་ལ་སྣང་ཆུང་བྱ་མི་རུང་། ཉེ་འགྲམ་གྱི་ཝུའུ་ལན་ཀན་རོང་གྲོང་ཚོས་བྱ་དེ་གསོ་ཆགས་མཉམ་ལས་ཁང་བཙུགས་པ་ནས་བཟུང་འབའ་ཆ་དེ་དག‘ཞིམ་ཟས’སུ་གྱུར་ཡོད”ཅེས་བཤད།
ཝུའུ་ལན་ཀན་རོང་གྲོང་ཚོའི་ཡིའུ་ཞན་ལའེ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དུ་འབྱོར་སྐབས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧོའུ་དབྱི་ཀྲེས་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་སྒོ་ང་རླངས་འཁོར་ནང་བླུགས་བཞིན་དུ“སྒོ་ང་འདི་དག་དོ་དགོང་རང་ཟི་ལིང་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ཏུ་འབྱོར་གྱི་རེད། ང་ཚོའི་བྱ་དེར་སྤྲི་དཀར་མཐོ་བའི་འབའ་ཆ་སྟེར་གྱི་ཡོད་པས། སྒོ་ངར་འབུ་ཕྲ་མེད་པའི་ཁས་ལེན་དཔང་འདོན་ཐོབ་པས། ཁྲོམ་རར་བྲིན་ཁ་རྒྱུག་པོ་འདུག”ཅེས་བཤད།
མཉམ་ལས་ཁང་ལ་མིག་སྔར་བྱ་དེ་ཁྲི་2ཙམ་ཡོད་པ་དང་སྒོ་ང་ཐོན་ཚད་95%ཡན་ཟིན་གྱི་ཡོད། ཧོའུ་དབྱི་ཡིས“དུས་ཆེན་དང་ངལ་གསོའི་རིང་སྒོ་ངའི་དགོས་མཁོ་ཆེ་རུ་ཕྱིན་པས། ཉིན་ལྟར་སྒོ་ང་ཁྲི་1.6ཐུམ་སྒྲིལ་བརྒྱབ་སྟེ་སྐྱེལ་དགོས་ཀྱི་འདུག འདི་གར་ལས་ཀ་བྱེད་མཁན་གྲོང་མི་10ཡོད་པ་དང་ཁོ་ཚོར་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་120ཡོད”ཅེས་བཤད།
བྱ་ཚང་གི་གཞོགས་ཤིག་ཏུ་བྱ་བྲུན་བསྙལ་ས་ཡོད་ཅིང་། ཧོའུ་དབྱི་ཡིས། བྱ་བྲུན་ནི་སྐྱེ་ལྡན་ལུད་ཀྱི་གྲུབ་ཆ་ཞིག་རེད། “སྔོན་མ་ཏུན་བྱས་ནས་འཚོང་གི་ཡོད། ད་ཆ་རྒྱ་མར་བཀྱག་ནས་འཚོང་གི་ཡོད་པས། རྒྱ་མ་100ལ་སྒོར་100ལྷག་ཙམ་རག་གི་འདུག ཚང་མ་ཉེ་འཁོར་གྲོང་ཚོར་འཚོང་གི་ཡོད”ཅེས་ངོ་སྤྲོད་བྱས།
“གྲོང་རྡལ་ཡོངས་ལ་རྨོ་ཞིང་མུའུ་ཁྲི་4.4ཡོད་ཅིང་། གཙོ་བོ་ནས་དང་པད་ཁ་འདེབས་ཀྱི་ཡོད” “བྱ་བྲུན་སོགས་སྐྱེ་ལྡན་ལུད་པད་ཁ་བཏབ་སར་བརྒྱབ་ནས། ཐོན་པའི་སྤུས་ལེགས་པད་ཁ་ཆུང་ཆུང་ནི་སྣུམ་བཙག་ཁང་གི་རྒྱུ་ཆ་གཙོ་བོ་ཡིན་པ་དང་། འབའ་ཆ་ནི་བྱ་དེ་རྒྱགས་གསོ་བྱེད་པའི་རྒྱུ་ཆ་ཡིན་པས་ཐོན་ཁུངས་འཁོར་རྒྱུག་གིས་སྤྱོད་ཐུབ་ཀྱི་འདུག”ཅེས་ཁོ་ལུའུ་ཁོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཆི་རུའེ་ཤིན་གྱིས་བཤད།
བྱ་སྒོང་ར་བ་དང་སྣུམ་བཙག་ཁང་གི་དུས་འགོའི་མ་དངུལ་གང་ནས་འབྱུང་བ་ཡིན་ནམ། ཆི་རུའེ་ཤིན་གྱིས་ངོ་སྤྲོད་བྱས་དོན། གྲོང་རྡལ་གྱིས་སྣེ་ཁྲིད་དེ་མ་འཇོག་ཀུང་སི་བཙུགས་པ་དང་འབྲེལ། “ཁོ་ནུང་བ”ཞེས་པའི་སྤྱི་པའི་སྤུས་རྟགས་ཀྱང་བཏོད་ཡོད། མ་དངུལ་བསྡུ་སྒྲིལ་བྱས་རྗེས། གྲོང་ཚོ་ཁག་གི་རང་སྤུས་དང་ཐོན་ལས་ཀྱི་དོན་དངོས་ལ་གཞིགས་ཏེ་མ་འཇོག་རྣམ་གྲངས་གཏན་འཁེལ་བྱས་ནས་མང་ཚོགས་ཚོར་ཐོན་ལས་འཁོར་འབྲེལ་བརྒྱུད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ཁོ་ལུའུ་ཁོ་གྲོང་རྡལ་གྱི་གྲོང་ཚོ་12ཀྱི་གྲོང་མིར་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་ཁྲི་600ལྷག་ཙམ་རག་ཡོད།