འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་13ཉིན།

སི་ཁྲོན་གྱི་གཟི་ཚ་སྡེ་དགུར།

༄༅།།རི་ཆུའི་ཁྲོད་ནས་ཞི་མཐུན་མཉམ་གནས་ཉམས་སུ་མྱོང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་13ཉིན། 13:31】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་ཚ་སྡེ་དགུའི་ཡུལ་ལྗོངས་ལྟ་ན་སྡུག་པས། “མི་ཡུལ་གྱི་ལྷ་ཡུལ”དང“བྱིས་སྒྲུང་ནང་གི་ཡུལ་ཁམས”ཞེས་པ་ལ་སོགས་པའི་མཚན་སྙན་མང་པོ་ལྡན་ཡོད། དེ་གའི་རི་བོ་མཐོན་པོའི་ཁྲོད་དུ་ཆུ་ཕྲན་སིམ་སིམ་དུ་རྒྱུག་པ་མ་ཟད། སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པར་བརྟེན། ལོ་གཅིག་དུས་བཞི་ཚང་མར་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་དང་། སྲོག་ཆགས་དང་རྩི་ཤིང་ལ་དགའ་པོ་བྱེད་མཁན། པར་ལེན་ལ་དགའ་པོ་བྱེད་མཁན་བཅས་ལྟ་སྐོར་དུ་ཡོང་མཁན་རྒྱུན་ཆད་རྒྱུ་མེད། ཧྥ་རན་སེའི་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཀེའར·ཁ་ལུང་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ལ་ཡིད་སྨོན་སྐྱེས་ནས་ཡུན་རིང་སོང་ཞིང་། ད་རེས་འཁོར་ཞག་གི་སྐབས་དང་བསྟུན་ནས་ཆེད་མངགས་ཡུལ་སྐོར་ལ་ཡོང་ཡོད། ཁོང་གིས“ཚང་མས་བཤད་པ་ལྟར། དེ་གའི་འཕྲུལ་སྣང་ཆེ་བའི་མཚོ་མཚེའུ་ཡི་ཁྲོད་ནས་ནམ་མཁའི་གྲིབ་གཟུགས་གསལ་ལེར་མངོན་པ་འདི་ཤིན་ཏུ་མཛེས་པའི་རི་མོ་ལྟར་དུ་སྣང”ཅེས་བཤད།

    མུ་ཏིག་ཐང་དུ་རྦབ་ཆུ་དལ་གྱིས་ཟགས་པར་ཉི་འོད་འཕྲོས་ནས་མཛེས་པའི་འཇའ་ཚོན་ཤར་བ་དག་ཨ་རིའི་པར་རྒྱག་མཁས་ཅན་མའེ་ཁེས་པར་ཆས་ཀྱི་མཐེབ་གནོན་ཡང་ཡང་མནན་ནས་པར་དུ་ལེན་བཞིན“རང་བྱུང་གི་མཛེས་སྡུག་ནི་གཟི་ཚ་སྡེ་དགུའི་ཡིད་དབང་འཕྲོག་ས་རེད”ཅེས་བཤད། ད་ཐེངས་ཁོང་གིས་ཡུལ་ལྗོངས་པར་ལེན་མང་པོ་བྱས་པ་མ་ཟད། ད་དུང་སྲོག་ཆགས་ཆུང་ཆུང་མང་པོའང་པར་དུ་བླངས། “འདི་ནི་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་རེད། ནགས་ཁྲོད་ནས་འདབ་ཆགས་ཀྱི་སྙན་འཇེབས་ལྡན་པའི་སྐད་སྒྲ་རྒྱུན་མི་ཆད་པར་ཐོས་རྒྱུ་འདུག་ལ། ཆུ་ཕྲན་གྱི་ངོགས་སུ་ཆུ་སྲམ་རྩེད་འཇོར་རོལ་བའང་མཐོང་རྒྱུ་འདུག”མའེ་ཁེས་གཟི་ཚ་སྡེ་དགུ་ནི་གདོད་མའི་འཆམ་མཐུན་སྐྱེ་ཁམས་མ་ལག་ཅིག་རེད། དེའི་ནང་དུ་འཚོ་སྡོད་བྱེད་སྐབས་གཞན་དང་མི་འདྲ་བའི་སྐྱིད་སྣང་དོད་པའི་ཚོར་སྣང་ཞིག་ཡོང་གི་འདུག་ཅེས་བཤད།

    “མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཕུད། འདི་གར་ད་དུང་དམངས་སྲོལ་རིག་གནས་མི་འདྲ་བའང་ཡོད”ཅེས་ངོ་སྤྲོད་བྱས་པ་དབྱི་ཐ་ལིའི་ཕོ་གཞོན་མཱ་ཁེས་དབྱིན་སྐད་ཡུལ་སྐོར་སྣེ་ཤན་པའི་རྗེས་སུ་སྐྱོད་ཀྱིན་སྤྲོ་སྣང་ཆེན་པོས་ཉན། “ཡོང་བའི་ཞོར་ལ། དངོས་སུ་ཉམས་ལེན་མང་ཙམ་མ་བྱས་ན་ག་ལ་འགྲིག”ཅེས་མཱ་ཁེས་བརྗོད་བཞིན་བོད་ཆས་གྱོན་ནས་བོད་ཁྱིམ་སྤྲོ་སྐྱིད་ཁང་དུ་བསྐྱོད་པ་མ་ཟད། ད་དུང་ཤ་མོ་དང་བོད་ཕག་ལ་སོགས་ཕྱི་རྒྱལ་གྱི་ཡུལ་སྐོར་བས་དགའ་པོ་བྱེད་པའི་ས་གནས་དེ་གའི་ཞིམ་ཟས་མང་པོའི་བྲོ་བའང་མྱངས།

    ན་ནིང་ཟླ་8པར། ཁྲོན་མཚོ་ལྕགས་ལམ་གྱི་ཀྲེན་ཅང་ཀོན་ནས་ཧོང་ཧྲེང་ཀོན་བར་གྱི་ལམ་དུམ་ཤར་གཏོང་ཐུབ་སྟེ་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། གཟི་ཚ་སྡེ་དགུ་དེ་ཉིད་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་སླེབས་ཤིང་། མྱུར་བགྲོད་ལྕགས་ལམ་ལ་བསྡད་ནས་གཟི་ཚ་སྡེ་དགུར་བསྐྱོད་རྒྱུ་དེ། ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོའི་ཐོག་མའི་གདམ་ག་དང་པོར་གྱུར་ཡོད། “ཁྲེང་ཏུའི་བབས་ཚུགས་ཤར་མ་ནས་ཐོན་ཚེ་ཆུ་ཚོད་གཉིས་ཀྱང་མ་འགོར་བར་ཧོང་ལུང་གི་གཟི་ཚ་སྡེ་དགུ་བབས་ཚུགས་སུ་འབྱོར་གྱི་ཡོད། སྤ་སེ་མངགས་ཉོ་བྱེད་སྐབས་ད་དུང་སྤ་སེ་གསུམ་གཅིག་ཏུ་སྒྲིལ་བའི་ཞབས་ཞུ་འདེམས་ཆོག” ཨ་རིའི་ཡུལ་སྐོར་བ་ཨའེ་སྨི་ལིས་རང་ཉིད་ཀྱི་ཕྱིར་སྐྱོད་ཐབས་ཇུས་མཉམ་སྤྱོད་བྱས་ཤིང་། བབས་ཚུགས་ནས་དོན་མ་ཐག་བསུ་སྐྱེལ་རླངས་འཁོར་དང་སྤ་སེ་ཉོ་སྒྲུབ་སོགས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བ་ལས། ཁོ་མོ་གཟི་ཚ་སྡེ་དགུར་ཡུལ་སྐོར་བྱེད་རིང་སྟབས་བདེ་པོ་སྔར་བས་བྱུང་ཡོད།