འདི་ག་ཚགས་པར་གྱི་གསར་འགོད་པ། སུང་ཧའོ་ཤིན། ཆུང་བདག་སྒྲོལ་དཀར།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་27ཉིན། 10:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“གྲོགས་པོ་ཆུང་ཆུང་ཚོ། ང་ཚོས་སེང་གེ་བཟང་པོ་པན་ཀྲང་ལ་འདེམས་ཀྱི་ཡིན། ཚང་མས་མོས་མཐུན་ཡོད་དམ”ཞེས་སྟབས་བདེའི་འཆད་སྟེགས་ཐོག་ཨ་ཅག་དང་བླངས་པས་འཛུམ་དམུལ་དམུལ་ངང་བཤད།
“མོས་མཐུན་ཡོད”ཅེས་འཆད་སྟེགས་འོག་གི་ཕྲུ་གུ་ཚོས་འཚང་ཁ་ཤིག་ཤིག་གིས་ལག་པ་བརྐྱངས།
དེ་ནི་བོད་ལྗོངས་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་སྦྲ་གུར་སློབ་གྲྭ་རེད། མིག་སྔར་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་བཀོད་སྒྲིག་རོགས་སྐྱོབ་དང་སླར་གསོ་བསྐྱར་སྐྲུན་དུ་བསྒྱུར་བ་དང་། དིང་རི་རྫོང་གི་གནོད་འཚེ་ཕོག་པའི་ཤང་དང་གྲོང་རྡལ་དང་གྲོང་ཚོ་ཁག་གཅིག་ལ་སྟབས་བདེའི་ཁང་པ་བསྐྲུན་ཟིན་ཏེ་གྲོང་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་གནས་སྤོ་བྱེད་བཞིན་མཆིས།
“ང་ཚོས་ཀྲུང་གོ་ཚན་རིག་ཁང་གི་སེམས་ཁམས་ཞིབ་འཇུག་ཁང་འཕྲལ་སྡོམ་སེམས་ཁམས་རོགས་སྐྱོབ་རུ་ཁག་གི་རིགས་གཅིག་མཁས་ཅན་དང་དང་བླངས་པ་དང་མཉམ་འབྲེལ་ཐོག་སྦྲ་གུར་སློབ་གྲྭ་བཙུགས་ནས་བཀོད་སྒྲིག་བྱ་ཡུལ་གྱི་ཕྲུ་གུ་80ལྷག་ཙམ་དང་མཉམ་དུ་རི་མོ་འབྲི་བ་དང་། གླུ་ལེན་པ། ལུས་རྩལ་རྩེ་བ་བཅས་བྱེད་ཀྱི་ཡོད”བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གཞིས་རྩེ་རུ་ཆེན་གྱི་སློབ་སྟོན་པ་ཅང་ཧྭ་ཡིས། སྦྲ་གུར་སློབ་གྲྭའི་ནང་ཕྲུ་གུ་ཚོར་གེགས་རྗེས་སེམས་ཁམས་སློབ་གསོ་རྒྱག་པ་དང་ཡོམ་འཕྲོའི་ཉེན་ཁ་ཆུང་དུ་གཏོང་བའི་ཕན་པ་ཡོད་ཅེས་ངོ་སྤྲོད་བྱས།
ཉིན་གུང་མཚམས་སུ། ལྗིད་ཐེག་རླངས་འཁོར་དམར་པོ་ཞིག་བཀོད་སྒྲིག་བྱ་ཡུལ་དུ་བཏང་ཡོང་བ་དེ་ནི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཆེད་མངགས་བཀོད་སྒྲིག་བྱས་པའི་འཁྲུད་ཁང་རླངས་འཁོར་རེད།
“གྲོགས་པོ་ཆུང་ཆུང་ཚོ། འདི་སྣོན་ན་ཆུ་ཚ་པོ་དོན་གྱི་རེད། ཡང་བསྐྱར་ཐེངས་གཅིག་སྣོན་ན་ཆུ་བཀག་པ་རེད”མེ་ཟོན་རུ་མི་ངག་དབང་བསྟན་འཛིན་གྱིས་ཕྲུ་གུ་ཚོ་ཁྲིད་ནས་འཁྲུད་ཁང་རླངས་འཁོར་ནང་ལྟ་སྐོར་བྱས་རྗེས། གྲ་སྒྲིག་བྱས་ཟིན་པའི་འཁྲུད་ཆས་སྤྲད་ཅིང་། དེའི་ནང་སོ་འཁྲུ་དང་། སོ་སྨན། ཡི་ཙི། སྐྲ་འདག་རྫས་སོགས་ཡོད། ཕྲུ་གུ་ཚོ་ཡང་རིམ་བཞིན་འཁྲུད་ཁང་རླངས་འཁོར་ནང་འཛུལ་ནས་གཟུགས་པོ་བཀྲུས།
“གཟུགས་པོ་བཀྲུས་རྗེས་ལུས་ལ་དྲི་མ་ཞིམ་པོ་ཞིག་ཁ་གི་འདུག ཐུགས་རྗེ་ཆེ” བཀོད་སྒྲིག་བྱ་ཡུལ་གྱི་ཕྱོགས་གཞན་ཞིག་ཏུ་དགུང་ཟས་བཟོས་ཟིན་པ་དང་། གཟུགས་པོ་བཀྲུས་ཟིན་པའི་ཕྲུ་གུ་ཚོ་དེ་གར་བང་བསྒྲིགས་ནས་བསྡད་ཡོད། ཁ་ལག་རག་པའི་ཕྲུ་གུ་ཚོས“ཧ་ཅང་ཞིམ་པོ་འདུག”ཅེས་བཤད།
ས་སྲོས་ཀྱི་མཚམས་སུ། འཕྲལ་སྡོམ་སྦྲ་གུར་དང་སྟབས་བདེའི་ཁང་པ་ཚང་མའི་ནང་གློག་འོད་ཁྲ་ཆེམ་ཆེམ་དུ་འཕྲོ་ཞིང་། ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་ཡང་ནང་དུ་དྲོ་སོབ་སོབ་ཡོད་པ་རེད།