གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་26ཉིན། 13:32】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་། ཆའོ་ཏུང་།
ཐོག་ཐོན་གཙང་པོའི་ཆུ་འགོར་སྐྱོད་སའི་ལམ་ནི་དཀའ་ཚེགས་ཧ་ཅང་ཆེ་བ་དང་དེ་གའི་ས་བབ་མཐོ་ཚད་ལ་སྨི་5000ཙམ་ཟིན་གྱི་ཡོད། ལམ་དེར་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་པད་མ་རྡོ་རྗེ་ལོ་ལྟར་ཐེངས་བཞི་ལྔ་ཙམ་སྐྱོད་དགོས་ཀྱི་ཡོད། ཁོང་དང་རུ་མི་ཁག་གཅིག་གིས་འཁྱགས་རོམ་བསྐོར་ནས་བསྐྱོད་དེ་གད་སྙིགས་ཡོད་མེད་ལྟ་བ་དང་བར་ཐག་འཇལ་ཆས་དང་། རྒྱང་ཤེལ། ལྕགས་ཁྱེམ་བཅས་འཁྱེར་ནས་གངས་དང་འཁྱགས་པའི་གནས་ཚུལ་སོགས་རེ་རེ་བཞིན་ཐོ་འགོད་བྱེད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། ཁུ་ཁུ་ཤིས་རི་དང་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་གནས་བབ་དེ་བས་མངོན་གསལ་དོད་དུ་ཕྱིན་ནས་མཚོ་སྔོན་གྱིས་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་ཁུལ་གཉིས་དབྱེ་འབྱེད་གཏན་འཁེལ་བྱས་པའི་ནང་གདང་ལ་གྲོང་རྡལ་གྱི་གྲོང་ཚོ་7ཡང་དེའི་གྲས་སུ་ཚུད་ཡོད། ཡུལ་མི་རེ་འགའ་གོར་མོ་གྲོང་ཁུལ་དུ་སྤོས་པ་དང་རེ་འགའ་རྩྭ་ཐང་དུ་འཚོ་སྡོད་བྱེད་ཀྱི་ཡོད་ཀྱང་། ཁོང་ཚོ་ཚང་མས་དུས་བཀག་ལྟར་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ལ་སྐོར་གཡེང་དང་སྲུང་སྐྱོང་བྱེད་པར་འགྱུར་ལྡོག་བྱུང་མེད།
ལོ་49ལ་སླེབས་པའི་གཏོར་མ་གྲོང་ཚོའི་རྩྭ་ཕྱུགས་དོ་སྙོམས་ཁུལ་གྱི་འབྲོག་པ་གནམ་རྣམ་ཚེ་རིང་གིས་པགས་ཚག་གྱོན་ནས་རང་ཁྱིམ་གྱི་སྒོ་རའི་ནང་ལས་ལ་བྲེལ་བཞིན་ཡོད། ལོ་5ཡི་གོང་། གནམ་རྣམ་ཚེ་རིང་གིས་ཁྱིམ་གྱི་ལུག་800འཚོང་རྒྱུའི་ཐག་བཅད་ཡོད། “མི་ཚང་མས་འབྲི་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་དགོས”ཞེས་གནམ་རྣམ་ཚེ་རིང་གིས་བརྗོད། ད་ཆ་ཁོང་གི་ཁྱིམ་ལ་ལུག་མེད་ཀྱང་ཡོང་འབབ་ཉུང་དུ་ཕྱིན་མེད། གང་ལགས་ཤེ་ན། ཁོང་ཁྱིམ་ལ་རྩྭ་ཐང་གི་ཁ་གསབ་ལེན་རྒྱུ་ཡོད་པ་མ་ཟད། ཁོང་དང་བཟའ་ཟླ་གཉིས་ཀ་སྐྱེ་ཁམས་སྲུང་མཁན་ཡིན་པས་ཟླ་བ་མི་རེ་ངོ་རེར་གླ་ཆ་ལེན་རྒྱུ་ཡོད་པས་རེད། གནམ་རྣམ་ཚེ་རིང་གིས“ཁོར་ཡུག་ལེགས་སུ་ཕྱིན་ནས་འཚོ་བའང་ཇེ་ལེགས་ཇེ་བཟང་དུ་གྱུར་ཡོད”ཅེས་སེམས་འགུལ་ཐེབས་བཞིན་དུ་བརྗོད།
གནམ་རྣམ་ཚེ་རིང་གི་ཁྱིམ་དུ་རིང་ཚད་ལ་སྨི་4ཟིན་པའི་དྲོད་གཏོང་གློག་ཐབ་ཅིག་ཡོད་པ་ཚོམས་ཆེན་གྱི་དཀྱིལ་དུ་བསྒྲིགས་པར་གནམ་རྣམ་ཚེ་རིང་གིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོང་གིས“ཐབ་འདི་ནི་ཁ་གཏད་མཚོ་སྐྱོར་ཞིང་ཆེན་ལས་དོན་རུ་ཁག་གིས་ང་ཚོར་སྤྲད་པ་ཞིག་རེད། ཁྱིམ་ཚང་ཚང་མར་ཡོད”ཅེས་བརྗོད་པ་དང་། ཁོང་གི་ཁང་ཕྱིར་ཡོད་པའི་ཤེལ་ལེབ་བཞི་ཡང་ལས་དོན་རུ་ཁག་གིས་སྤྲད་པ་ཞིག་རེད། ཁོང་གིས“དེ་སྔོན་ཁྱིམ་དུ་གློག་འདོན་འཕྲུལ་འཁོར་ལ་བརྟེན་དགོས་པས་གློག་ཤུགས་བརྟན་པོ་མེད་རྐྱེན་གློག་ཆས་ཁག་གཅིག་སྤྱོད་ཐུབ་ཀྱི་མེད། ད་ཆ་འོད་ཤུགས་ཤེལ་ལེབ་དང་གློག་གསོག་ཆས་ཡོད་པས་འཁྱགས་སྒམ་དང་བརྙན་འཕྲིན་ཚང་མ་སྤྱོད་ཐུབ་ཀྱི་འདུག”ཅེས་བརྗོད།
སྔོན་མ་ས་མཐོར་སྐྱོད་ཁག་པོ་ཡོད་ཀྱང་། ད་ཆ་འགྲོ་་ལམ་ཚང་མ་ཤར་བགྲོད་ཐུབ་ལ། དེ་བས་འགྱུར་ལྡོག་ཆེ་བ་ནི་སྤྱི་པའི་ཞབས་ཞུ་གྲོང་གསེབ་ཏུ་རིམ་པས་སྣུར་སྲིང་ཐུབ་པ་དེ་རེད།
“ན་ནིང་ནས་བཟུང་། གོར་མོ་གྲོང་ཁུལ་ནས་གདང་ལ་གྲོང་རྡལ་བར་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་ཡོད། གོ་ཐོས་ལྟར་ན་གོམ་སྟབས་རྗེས་མར་གྲོང་ཚོ་བདུན་པོ་ཚང་མར་ཐག་ཐུང་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད”ཅེས་གནམ་རྣམ་ཚེ་རིང་གིས་རེ་སྒུག་བྱེད་བཞིན་བརྗོད། ཁོང་གིས“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས། ངས་ཆེད་མངགས་གོར་མོ་གྲོང་ཁྱེར་དུ་ལྭ་བ་གསར་པ་3མངགས་ཉོ་བྱས་པ་ཡིན་པས་ཉིན་འགའ་སོང་རྗེས་ལེན་ཐུབ་རྒྱུ་རེད། ནང་མི་ཚང་མར་ལོ་གསར་གྱི་གཟབ་སྤྲོས་ཡོད”ཅེས་བརྗོད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)