འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་26ཉིན།

༄༅།།2024ལོར་སྤྱི་ཚོགས་ཡོངས་སུ་གློག་སྤྱོད་ཚད་དུས་མཚུངས་ལས་6.8%འཕར་བ།

གློག་གསོག་པ་དང་བརྗེ་བའི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་50.9%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་26ཉིན། 09:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོར་སྤྱི་ཚོགས་ཡོངས་སུ་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་98521ཟིན་པ་དེ་དུས་མཚུངས་ལས་6.8%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1357དང་། ཆུ་ཚོད་ཆན་ཝ་དུང་ཕྱུར་63874 ཆུ་ཚོད་ཆན་ཝ་དུང་ཕྱུར་18348བཅས་སོ་སོར་ཟིན་པ་དེ་དུས་མཚུངས་ལས་6.3%དང་། 5.1% 9.9%བཅས་སོ་སོར་འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་14942ཟིན་པ་དེ་དུས་མཚུངས་ལས་10.6%འཕར་ཡོད།

    བཟོ་སྐྲུན་ལས་རིགས་ཀྱི་མཐོ་རིམ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ཡོད། ཀྲུང་གོའི་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལྟར་ན། 2024ལོར་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4.79ཟིན་པ་དེ་དུས་མཚུངས་ལས་5.1%འཕར་ཡོད། དེའི་ནང་ལག་རྩལ་མཐོ་བ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་10.3%འཕར་ཡོད། “གསར་གཉིས”ཀྱི་སྲིད་ཇུས་ལས་སྒྲིག་ཆས་བཟོ་སྐྲུན་སོགས་ལས་རིགས་ཀྱི་གློག་སྤྱོད་ཚད་ཅུང་མགྱོགས་མྱུར་འཕར་བར་སྐུལ་འདེད་ཐུབ་སྟེ། གློག་རླངས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས་དང་། རྩིས་འཁོར། འཕྲིན་གཏོང་། དེ་མིན་གློག་རྡུལ་སྒྲིག་ཆས་བཟོ་སྐྲུན་ལས་རིགས། རླངས་འཁོར་བཟོ་སྐྲུན་ལས་རིགས། དཔྱད་ཆས་བཟོ་སྐྲུན་ལས་རིགས་སོགས་ལས་རིགས་4ཡི་གློག་སྤྱོད་ཚད་10%ལྷག་ཙམ་འཕར་ཡོད། 2024ལོར་འཛད་རྫས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་5.7%འཕར་བ་ལས་ཡན་ལག་ལས་རིགས་12ཀྱི་གློག་སྤྱོད་ཚད་ཚང་མ་འཕར་ཡོད།

    ཞབས་ཞུའི་ལས་རིགས་ཀྱི་དཔལ་འབྱོར་ཅུང་མགྱོགས་པོ་འཕར་ནས་འབྲེལ་ཡོད་ལས་རིགས་ཀྱི་གློག་སྤྱོད་ཚད་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་21.7%འཕར་བ་དང་། གློག་གསོག་པ་དང་བརྗེ་བའི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་50.9%འཕར་ཡོད།