འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་25ཉིན།

༄༅།།ཧོ་པེའི་ངར་ལྕགས་ཐོན་སྐྱེད་བྱེད་བཞིན་པའི་ཁེ་ལས་ཡོངས་ཁོར་ཡུག་སྲུང་སྐྱོང་བྱས་འབྲས་Aརིམ་པར་སླེབས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་25ཉིན། 13:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ཧྲེ་ཅ་ཀྲོང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་ཧོ་པེ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་འཚོགས་པའི“ངར་ལྕགས་སོགས་གཙོ་གནད་ལས་རིགས་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱས་འབྲས་Aརིམ་པ་གཏོད་པར་སྐུལ་འདེད་གཏོང་བའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཧོ་པེའི་ངར་ལྕགས་ཐོན་སྐྱེད་བྱེད་བཞིན་པའི་ཁེ་ལས་55ཚང་མ་ཁོར་ཡུག་སྲུང་སྐྱོང་བྱས་འབྲས་Aརིམ་པར་སླེབས་ནས་ངར་ལྕགས་ཐོན་སྐྱེད་བྱེད་བཞིན་པའི་ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་Aརིམ་པ་བཏོད་ཡོད།

2023ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེར་རྟོག་ཞིབ་གནང་ནས་ཅིང་ཅིན་ཅིས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས“ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཚད་བརྒལ་གསར་པ་མངོན་འགྱུར་ཡོང་བ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“ཁེ་ལས་ཀྱིས་གྲངས་རིག་ལག་རྩལ་དང་ལྗང་མདོག་ལག་རྩལ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་དགོས”པ་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། ཧོ་པེས་ངར་ལྕགས་སོགས་གཙོ་གནད་ལས་རིགས་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱས་འབྲས་Aརིམ་པ་གཏོད་རྒྱུར་སྐུལ་འདེད་བཏང་བ་དང་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།

ཕྱོགས་ཡོངས་ནས་Aརིམ་པ་བཏོད་དེ་ལྗང་མདོག་ཕྱོགས་སྒྱུར་དང་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཡོད། 2024ལོའི་ཟླ་12པར། ཐའེ་ཧང་ངར་ལྕགས་ཀྱིས་ཕྱོགས་ཡོངས་ནས་Aརིམ་པ་གཏོད་པའི་དམིགས་ཚད་མངོན་འགྱུར་བྱས་ཏེ། གསར་སྤེལ་བྱས་པའི་སྤུས་ལེགས་ངར་ལྕགས་རིགས་20ལྷག་ཙམ་བྲིན་ཚོང་བྱས་པའི་གྲངས་འབོར་གྱིས་ཀུང་སིའི་སྤྱིའི་བྲིན་ཚོང་བསྡོམས་འབོར་གྱི་བཅུ་ཆ་ལྔ་ཡན་ཟིན་ཡོད། ཚོད་རྩིས་རགས་ཙམ་བརྒྱབ་པ་བརྒྱུད། ཧོ་པེ་ཞིང་ཆེན་གྱི་ངར་ལྕགས་ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་Aརིམ་པ་བཏོད་རྗེས་སྦགས་བཙོག་དངོས་པོ་འབུད་ཚད་30%ཡན་ཉུང་དུ་ཕྱིན་ཡོད།

ཉེ་བའི་ལོ་ཤས་རིང་། ཁོར་ཡུག་སྲུང་སྐྱོང་བྱས་འབྲས་Aརིམ་པ་བཏོད་པ་དེ་འཚིག་འགྱུར་དང་འཛུགས་སྐྲུན་རྫ་དཀར་སོགས་གཙོ་གནད་ལས་རིགས་7བར་རྒྱ་བསྐྱེད་པ་དང་ཁོར་ཡུག་སྲུང་སྐྱོང་བྱས་འབྲས་Aརིམ་པའི་ཁེ་ལས་138ཟིན་ཡོད་པ་རེད། ཧོ་པེ་ཞིང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས“སྲིད་ཇུས་ཀྱི་ཁྲིད་སྟོན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་ཁྱབ་གདལ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་བཏང་ནས། དཔལ་འབྱོར་ཞིང་ཆེན་སྟོབས་ཆེན་དང་མཛེས་སྡུག་ལྡན་པའི་ཧོ་པེ་འཛུགས་སྐྲུན་གང་མགྱོགས་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།