འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་25ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས།ཡེ་ཀོང་ཧྥུའུ་ལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གཉིས་པ”སྤྲོད་རྒྱུ་དང་། ལི་ཚུང་དང་ལི་ཀོང་སུའུ་ལ“འཇིག་རྟེན་འཕུར་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་དང“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གསུམ་པ”སྤྲོད་རྒྱུའི་གཏན་འབེབས་བྱས་པ།

(2025ལོའི་ཟླ་1ཚེས་23ཉིན)

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་25ཉིན། 13:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

2024ལོའི་ཟླ་4ཚེས་25ཉིན། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཧྥུའུ་དང་། ལི་ཚུང་། ལི་ཀོང་སུའུ་བཅས་འཕུར་གྲུར་བསྡད་ནས་ཐེན་ཧོ་ལྟེ་ཚང་དུ་བདེ་བླག་ངང་སླེབས་པ་མ་ཟད། འཁོར་ལམ་དུ་ཟླ་བ་དྲུག་བསྡད་དེ་སྔ་རྗེས་སུ་གྲུ་ཚང་ནས་ཕྱིར་དོན་པའི་བྱེད་སྒོ་ཐེངས་གཉིས་སྤེལ་བ་དང་ཐེག་ཁུར་དངོས་ཟོག་གི་རླུང་སྒོ་གྲུ་ཚང་ནས་ཕྱིར་དོན་ཡར་འཛུལ་གྱི་ལས་འགན་ཐེངས་དྲུག་ལག་བསྟར་བྱས་པ་དང་འབྲེལ་བར་སྣང་ས་ཚིགས་ཀྱི་འཛུགས་སྐྲུན་རིམ་སྤོར་དང་སྲུང་སྐྱོང་ཉམས་བཟོའི་ལས་འགན་ཁག་80ལྷག་ཙམ་ལེགས་གྲུབ་དང་བར་སྣང་གི་ཚན་རིག་ཚོད་ལྟ་བརྒྱ་ཙམ་དང་འཁོར་ལམ་དུ་ཉེར་སྤྱོད་ཐེག་ཚད་ཚོད་ལྟ་བྱས་ནས་2024ལོའི་ཟླ་11ཚེས་4ཉིན་བདེ་འཇགས་ངང་ཕྱིར་ལོག་པ་རེད། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ནི། རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་གྲྭ་བར་སྣང་ས་ཚིགས་སུ་བཀོལ་སྤྱོད་དང་འཕེལ་རྒྱས་དུས་མཚམས་སུ་སྐྱོད་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཐེངས་གསུམ་པ་ཡིན་པ་དེས། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཐེངས་རྐྱང་པའི་ལས་འགན་འཁོར་ལམ་དུ་བསྟུད་མར་འཕུར་སྐྱོད་བྱེད་པའི་དུས་ཡུན་རིང་ཤོས་དང་གྲུ་ཚང་ནས་ཕྱིར་དོན་བྱེད་སྒོ་ཐེངས་རྐྱང་པའི་དུས་ཚོད་ཀྱི་ཟིན་ཐོ་བཏོད་ཡོད་ལ། རང་རྒྱལ་གྱིས་འཁོར་ལམ་ཐོག་ཆུ་སྐྱེས་སྐྱེ་ཁམས་ཀྱི་ཞིབ་འཇུག་རྣམ་གྲངས་ཐོག་མར་ལེགས་གྲུབ་བྱུང་བ་དང་རྒྱལ་སྤྱིའི་ཐོག་རྩི་ཤིང་སྡོང་རྩེའི་ཕྲ་ཕུང་ཨ་མའི་བྱེད་ནུས་འཁོར་ལམ་དུ་ཞིབ་འཇུག་ཐེངས་དང་པོ་བྱས་པ་བཅས་ཀྱི་ཐོག་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ཐད་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གྱི་གོམ་སྟབས་གསར་པ་སྤོས་པ་མཚོན་ཡོད་ལ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་མི་རིགས་ཀྱི་གདེང་ཚོད་དང་སྤོབས་སེམས་སྔར་བས་ཆེ་རུ་གཏོང་བ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་མདུན་སྐྱོད་ལ་སྐུལ་ལྕག་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་ཞིང་། དེའི་ནང་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་། འཇིག་རྟེན་འཕུར་སྐྱོད་པ། ལས་བྱེད་ལས་བཟོ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་སེམས་ནུས་འདུས་ཡོད། བློ་མཐུན་ཡེ་ཀོང་ཧྥུའུ་དང་། ལི་ཚུང་། ལི་ཀོང་སུའུ་བཅས་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་གི་འཐུས་མི་ཡིན་པ་དང་། ཁོང་རྣམ་པས་སེམས་པ་ཏང་ལ་ཕྱོགས་པ་དང་། བློ་གཅིག་སེམས་གཅིག་གིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། འབད་འབུངས་ཡར་བརྩོན། མཐུན་སྒྲིལ་མཉམ་ལས་བཅས་བྱས་ཏེ་འཛམ་གླིང་ལ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད། བློ་མཐུན་ཡེ་ཀོང་ཧྥུའུ་ཡིས་ལོ་གཉིས་སོང་རྗེས་སླར་ཡང་བར་སྣང་དུ་བསྐྱོད་པ་དང་འབྲེལ་བཀོད་འདོམས་དཔོན་གྱི་འགན་ཁུར་ནས་རང་རྒྱལ་གྱི་རིམ་རྩིས་འཕུར་སྐྱོད་དུས་ཡུན་ལོ་གཅིག་ལས་བརྒལ་བའི་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་ཡོད། བློ་མཐུན་ལི་ཚུང་གིས་སྦྱོང་བརྡར་ཏན་ཏིག་དང་དཀའ་སྤྱད་ཞུན་བརྡར་བྱས་ནས་གཟི་བརྗིད་ལྡན་པའི་ངང་ལྷ་གྲུ་ཨང་བཅོ་བརྒྱད་པའི་མཁའ་སྐྱོད་ཚོགས་ཆུང་ནང་བདམས་པ་དང་གཟེངས་སུ་ཐོན་པའི་སྒོ་ནས་འཕུར་སྐྱོད་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཡོད། བློ་མཐུན་ལི་ཀོང་སུའུ་ཡིས་བློ་བརྟན་འགྱུར་མེད་དང་དཔའ་ངར་ཆེན་པོས་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ནས་ཐོག་མར་གྲུ་ཚང་ནས་དོན་ཏེ་བར་སྣང་ས་ཚིགས་ཀྱི་བར་སྣང་གི་ཆག་རོ་འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་ལས་འགན་ཐོག་མར་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱས་ཡོད། ཁོང་རྣམ་པས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་གཟེངས་བསྟོད་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བློ་མཐུན་ཡེ་ཀོང་ཧྥུའུ་ལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གཉིས་པ”སྤྲོད་རྒྱུ་དང་། བློ་མཐུན་ལི་ཚུང་དང་ལི་ཀོང་སུའུ་ལ“འཇིག་རྟེན་འཕུར་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་དང“འཇིག་རྟེན་འཕུར་སྐྱོད་པའི་བྱས་རྗེས་གཟེངས་རྟགས་རིམ་པ་གསུམ་པ”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

བློ་མཐུན་ཡེ་ཀོང་ཧྥུའུ་དང་། ལི་ཚུང་། ལི་ཀོང་སུའུ་བཅས་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་གྱི་དུས་རབས་ཀྱི་གདོང་ལེན་པ་ཞིག་ཡིན་ལ། འཇིག་རྟེན་ཁམས་འཚོལ་ཞིབ་དང་། བར་སྣང་གི་ཕུགས་འདུན་སྒྲུབ་པ། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་ཀྱི་དཔེ་མཚོན་མིག་དཔེ་ཞིག་ཡིན། ཏང་ཀྲུང་དབྱང་གིས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་འབྲེལ་གཟེངས་བསྟོད་ཐོབ་པའི་འཇིག་རྟེན་འཕུར་སྐྱོད་པ་མིག་དཔེར་བྱས་ཏེ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་འབད་འབུངས་ཡར་བརྩོན་དང་། གཞུང་འཁྱོངས་གསར་འབྱེད། ཡང་འབད་བསྐྱར་འབད། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་23ཉིན་འབྱོར་བའི་གློག་འཕྲིན)

(པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)