གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་24ཉིན། 14:44】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས་22ཉིན། ཨ་རིའི་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་ཏེ། ཉིན་དེར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་སྲིད་འཛིན་བཀའ་རྒྱ་ཞིག་ལ་མིང་རྟགས་བཀོད་ནས་ཁྲིམས་འགལ་གནས་སྤོས་ཡུལ་མི་ལྷོ་རྒྱུད་མཐའ་མཚམས་བརྒྱུད་ཨ་རིར་འཛུལ་རིགས་བཀག་འགོག་བྱས་ཡོད་ཅེས་འཁོད་ཡོད། ཐེ་རོན་ཕུ་ཡིས་རྒྱལ་ཁབ་ས་ཆ་བདེ་འཇགས་པུའུ་དང་། ཁྲིམས་འཛིན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ལ་དགོས་ངེས་ཀྱི་བྱ་སྤྱོད་ཡོད་ཚད་སྤྱད་དེ་ཁྲིམས་འགལ་ངང་ཨ་རིའི་ལྷོ་རྒྱུད་མཐའ་མཚམས་ལས་བརྒལ་བའི་ཕྱི་རྒྱལ་བ་འཕྲལ་མར་ཕྱིར་ལོག་དང་ཕྱིར་འབུད་བྱ་རྒྱུའི་དབང་ཆ་སྤྲད་པ་མ་ཟད་མཛུབ་སྟོན་ཡང་བྱས་པ་རེད། གསལ་བསྒྲགས་ནང་འཁོད་དོན། ཁྲིམས་འགལ་གནས་སྤོས་པས་ཨ་རི་བ་ཚང་མའི་འཚོ་བར་ཤུགས་རྐྱེན་ཐེབས་ཡོད་ཅེས་འཁོད་ཡོད་པ་རེད།
ཐེ་རོན་ཕུ་ཡིས་དེ་སྔོན་བཤད་དོན། ཁྲིམས་འགལ་གནས་སྤོས་ཀྱིས་ཨ་རིའི་བཟོ་པར་གནོད་འཚེ་བཏང་བ་དང་། ཨ་རིའི་ཁྲལ་འཇལ་མཁན་གྱི་ཁུར་པོ་ལྕི་རུ་བཏང་བ། སྤྱི་པའི་བདེ་འཇགས་ལ་གཏོར་བཤིག་བཏང་བ། ས་གནས་དེ་གའི་སློབ་གྲྭ་དང་། སྨན་ཁང་། སྡེ་ཁུལ་བཅས་ལ་གནོན་ཤུགས་ཧ་ཅང་ཆེན་པོ་བཟོས་པ་མ་ཟད། ལོ་རེར་ཨ་རིར་ཨ་སྒོར་དུང་ཕྱུར་བཅུ་ཕྲག་ཁ་ཤས་ཀྱི་གྱོང་གུན་ཡང་བཟོས་ཡོད། དེར་བརྟེན། ཁོ་པས་ཁྲིམས་མཐུན་གྱི་བྱ་སྤྱོད་ཡོད་ཚད་སྤྱད་ནས་ཉམས་ཉེན་འདིར་ཁ་གཏད་གཅོག་རྒྱུ་ཡིན་ལུགས་བསྟན།