—— ཁུ་ཁུ་ཤིས་རིའི་སྐོར་གཡེང་རུ་ཁག་གིས་མི་མེད་ཁུལ་དུ་བརྟན་སྲུང་བྱེད་པའི་སྐོར་བཀོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་24ཉིན། 14:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཁུ་ཁུ་ཤིས་རིའི་སྐོར་གཡེང་རུ་ཁག་གི་རུ་མི་ཚེ་དབང་སྟོབས་རྒྱལ་གྱིས་བསོད་ནམས་དར་རྒྱས་ས་ཚིགས་སུ་ཡོད་པའི་གཙོད་ཕྲུག་ལ་འོ་མ་སྟེར་བཞིན་པ། (2024ལོའི་ཟླ་1ཚེས་18ཉིན་པར་བརྒྱབ)
དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ལོ་འཁོར་མོར་ཕྱིར་ལས་ཀ་བྱེད་མཁན་གྱི་མི་རྣམས་ཕ་ཡུལ་དུ་ལོག་སྟེ་ནང་མི་དང་ལྷན་འཛོམས་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད་མོད། ཡིན་ནའང་མི་ཚོགས་ཤིག་གིས་ཉིན་མཚན་མེད་པར་མི་མེད་ཁུལ་དུ་སྐོར་ཞིབ་བྱེད་ཀྱི་ཡོད་པ་རེད།
ཁོ་ཚོ་ནི་ཁུ་ཁུ་ཤིས་རིའི་སྐོར་གཡེང་རུ་ཁག་རེད། ཁོ་ཚོས་སྲུང་སྐྱོབ་བྱེད་ས་ནི་སྲོག་གནས་དཀའ་ཁུལ་ཁུ་ཁུ་ཤིས་རི་རེད།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁུ་ཁུ་ཤིས་རིའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4900ཡན་ཟིན་གྱི་ཡོད། 1994ལོའི་ཟླ་1ཚེས་18ཉིན། ཁུ་ཁུ་ཤིས་རིའི་གཙོད་སྲུང་སྐྱོབ་བྱ་ཆེད་རྒྱས་བཟང་བསོད་ནམས་དར་རྒྱས་མི་མེད་ཐང་སྟོང་དེར་རྐྱེན་ལམ་དུ་ཤོར་ཞིང་སྐབས་དེ་དུས་ཁོང་ལོ་40ལས་ཟིན་གྱི་མེད་པ་རེད།
མི་གཅིག་ནས་མི་མང་པོའི་བར་འཕེལ་རྒྱས་བྱུང་སྟེ། ལོ་30ལྷག་ཙམ་གྱི་རྗེས་སུ། དེ་སྔའི་མི་མེད་ཐང་སྟོང་དེ་སླར་ཡང་ལྷིང་འཇགས་སུ་གྱུར། དེའི་ཤུགས་སུ་ཚེ་སྲོག་དང་ཟུངས་ཁྲག་དྲོན་མོས་བཏིང་བའི་སྐྱེ་ཁམས་ཀྱི་ལམ་བུ་ཡོད། དེ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོའི་མཛེས་རིས་ཤིག་རིམ་བཞིན་མངོན་བཞིན་མཆིས།
མི་ཡུལ་གྱི་དག་ཞིང་སླར་ཡང་ལྷིང་འཇགས་སུ་གྱུར་པ།
ཟླ་1ཚེས་13ཉིན་གྱི་ཞོགས་པའི་ཆུ་ཚོད་6པར། ཁུ་ཁུ་ཤིས་རི་ནགས་ཚལ་སྤྱི་བདེ་ཅུས་ཀྱི་རིམ་པ་དང་པོའི་ཉེན་རྟོག་དཔོན་ཕུན་ཚོགས་ཚེ་རིང་གིས་སྐོར་གཡེང་རུ་ཁག་གི་སྣེ་ཁྲིད་དེ་ཁུ་ཁུ་ཤིས་རིའི་མི་མེད་ཁུལ་དུ་བསྐྱོད། ད་ཐེངས་ཀྱི་སྐོར་སྲུང་བྱ་ཡུལ་ནི་ཕུན་ཚོགས་ཚེ་རིང་གི་ཨ་ཞང་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་རང་སྲོག་བློས་གཏོང་བྱེད་ས་ཉི་མ་མཚོ་རུ་ཡིན་པ་རེད།
ཁུ་ཁུ་ཤིས་རིའི་ས་བབ་ཧ་ཅང་མཐོ་བར་བརྟེན་མིའི་རིགས་དེ་གར་བསྐྱོད་ཉུང་ཉུང་ཡིན་པས་མཚོ་བོད་ས་མཐོའི་སྲོག་ཆགས་སོས་དལ་བག་ཕེབས་སུ་རྒྱུ་བའི་དགའ་ཚལ་ལྟ་བུར་གྱུར་ཡོད།
ཁུ་ཁུ་ཤིས་རིར་གསའ་དང་། གཙོད། ཁྲུང་ཁྲུང་སྐེ་ནག གླག བྱ་རྒོད་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསོ་སྐྱོང་བྱས་པས“མཚོ་བོད་ས་མཐོའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གཞི་རྒྱུའི་མཛོད”ཅེས་བརྗོད་ཀྱི་ཡོད། 2017ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་ཁོངས་སུ་བཅུག་པ་རེད།
ཁུ་ཁུ་ཤིས་རི་བརྟན་སྲུང་བྱ་ཆེད་བསོད་ནམས་དར་རྒྱས་ཀྱིས་ལྐོག་རྔོན་ལ་ངོ་རྒོལ་བྱེད་པའི་དཔུང་ཁག་ཅིག་སྒྲིག་འཛུགས་བྱས་ནས། ཁྲིམས་འགལ་ངང་མེ་མདའ་ཁྱེར་ནས་ལྐོག་རྔོན་རྒྱག་མཁན་ཚོགས་པ་མང་པོ་བཟུང་ཡོད།
1994ལོའི་ཟླ་1པའི་ཚེས་18ཉིན། བསོད་ནམས་དར་རྒྱས་ཀྱིས་རུ་མི་དང་མཉམ་དུ་ལྐོག་རྔོན་རྒྱག་མཁན་ལྟ་སྐྱེལ་བྱེད་པའི་ལམ་བར་གྱི་ཉི་མ་མཚོའི་ཉེ་འགྲམ་དུ་སླེབས་སྐབས་ལྐོག་རྔོན་རྒྱག་མཁན་གྱི་འཇབ་རྒོལ་ཕོག་ནས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་། དེ་ནི་ཁོང་གིས་སྐོར་གཡེང་བྱེད་ཐེངས་12པ་རེད།
“ཉི་མ་མཚོའི་འགྲམ་དུ་སྐོར་ཞིབ་བྱེད་པར་འགྲོ་རིམ་བཞིན་ངའི་སེམས་ནང་སྡུག་བསྔལ་ཆེན་པོ་ཡོང་གི་འདུག མུ་མཐའ་མེད་པའི་གངས་ཀླུང་དུ་ཨ་ཞང་ལ་མེ་མདའ་ཕོག་ནས་ཚེ་ལས་འདས་སྐབས་ན་ཟུག་གང་འདྲ་བྱུང་བ་བསམ་བློ་ཡང་གཏོང་ཕོད་ཀྱི་མི་འདུག”ཅེས་ཕུན་ཚོགས་ཚེ་རིང་གིས་བརྗོད།
དེ་སྔོན་བསོད་ནམས་དར་རྒྱས་དང་མཉམ་དུ་ལས་ཀ་བྱེད་མྱོང་བའི་གྲོགས་པོས། ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འགྱུར་བ་ནི་ཁོང་གི་ཕུགས་འདུན་རེད། ད་ཆ་ཁུ་ཁུ་ཤིས་རི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། མཚོ་བོད་ས་མཐོའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁུལ་ཐོག་མ་དེའང་རེད་ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།
ད་ཆ་ཁུ་ཁུ་ཤིས་རིའི་མངའ་ཁོངས་ཀྱི་གཙོད་ཀྱི་རིགས་ཁྱུའི་གྲངས་འབོར་རིམ་བཞིན་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་བ་དང་། 2009ལོ་ནས་ད་བར་རྔོན་པའི་མེ་མདའི་སྒྲ་ཐོས་མྱོང་མེད། ཕུན་ཚོགས་ཚེ་རིང་གིས“དག་པའི་ཞིང་ས་འདིར་སླར་ཡང་ལྷིང་འཇགས་བྱུང་ཞིང་། གཙོད་རྣམས་ཅི་དགར་རྒྱུག་པ་མཐོང་བ་ནི་ང་རང་དང་། ནང་མི། རུ་མི་བཅས་ཀྱི་ངོས་ནས་བརྗོད་ན་སེམས་གསོ་ཆེ་ཤོས་ཞིག་ཡིན་པས་དཀའ་སྡུག་ཇི་ཙམ་བྱུང་ཡང་རིན་ཐང་ལྡན”ཞེས་བརྗོད།
དཔའ་བོའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད།
ཁུ་ཁུ་ཤིས་རི་ནི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་4.5ཟིན་པའི་ཐང་རྒོད་ཅིག་ཡིན་ཞིང་། སྐོར་གཡེང་རླངས་འཁོར་རུ་ཁག་ཁུ་ཁུ་ཤིས་རིའི་ཤར་རྒྱུད་ཀྱི་རི་བོ་བརྒྱུད་ཁུ་ཁུ་ཤིས་རིའི་དབུས་སུ་བསྐྱོད་པ་དང་། མུ་ལ་མུ་འབྲེལ་གྱི་རི་གསེབ་ཏུ་ཧ་ཅང་ཉམས་ཆུང་ཞིག་མངོན།
ཟླ་1ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་ཕྱེད་ཀ་ཙམ་ལ། ཆུ་ཚོད་27ཙམ་བསྐྱོད་རྗེས་སྐོར་གཡེང་རུ་ཁག་ཉི་མ་མཚོར་འབྱོར།
ད་ཆ། ཕུན་ཚོགས་ཚེ་རིང་ཁུ་ཁུ་ཤིས་རི་ནགས་ཚལ་སྤྱི་བདེ་ཅུས་སུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོང་གི་གཅུང་པོ་ཆོས་འཕེལ་བཀྲ་ཤིས་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་རུ་ལས་ཀ་བྱེད་ཀྱི་ཡོད། གཅེན་གཅུང་གཉིས་པོས་ཕ་མེས་ཀྱི་མེ་མདའ་ཁྱེར་ནས་ཁུ་ཁུ་ཤིས་རིར་ལོ་20ལྷག་ཙམ་བརྟན་སྲུང་བྱས་ཡོད།
བསོད་ནམས་དར་རྒྱས་ཀྱིས་རང་སྲོག་བློས་བཏང་ནས་ལོ་30ལྷག་ཙམ་སོང་རིང་། རང་བྱུང་ཁམས་ཀྱིས་མིའི་རིགས་ལ་སྤྲད་པའི་འགྲན་སློང་ལ་འགྱུར་ལྡོག་གཏན་ནས་བྱུང་མེད། སྐོར་གཡེང་རུ་མི་བརྒྱ་ལྷག་ཙམ་ལས་གྲུབ་པའི་ཁུ་ཁུ་ཤིས་རི་སྐོར་གཡེང་རུ་ཁག་གིས་ཉིན་གསུམ་རེར་གཞི་ཁྱོན་ཆུང་བའི་སྐོར་སྐྱོད་ཐེངས་རེ་བྱེད་པ་དང་ལོ་རེར་ཉུང་མཐར་ཡང་གཞི་ཁྱོན་ཆེ་བའི་སྐོར་གཡེང་ཐེངས་12བྱེད་ཀྱི་ཡོད།
སྐྱེ་ཁམས་མཐོ་སའི་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་།
ད་ཆ་གཙོད་ནི་མིའི་རིགས་ཀྱིས་སྲོག་ཆགས་སྲུང་སྐྱོབ་ནང་ཞུགས་པའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་གྱི་གྲས་ཤིག་ཏུ་གྱུར་ཡོད། 2016ལོར་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་མིང་གཞུང་གསར་བརྗེས་བྱེད་སྐབས་གཙོད་ལ་འཇིགས་སྐུལ་ཕོག་ཚད་དེ་སྟོངས་ཉེར་ཡོད་པ་ནས་ཅུང་ཡག་ཏུ་ཕྱིན་ཡོད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་མངོན་པའི་གྲངས་གཞིར་གཞིགས་ན། རང་རྒྱལ་གྱི་གཙོད་ཀྱི་ཁྱུ་ཚོགས་ཀྱི་གྲངས་འབོར་དུས་རབས་20པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་ནང་ཁྲི་གཉིས་ཀྱང་མ་ཟིན་པ་ནས་མིག་སྔའི་ཁྲི་30ཙམ་བར་མང་དུ་ཕྱིན་ཡོད།
ད་ཆ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་དེ་ཁུ་ཁུ་ཤིས་རི་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད། དེ་གར་བཙུགས་པའི་འགྲེམས་སྟོན་ལྟེ་གནས་ཀྱིས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་ཁུ་ཁུ་ཤིས་རི་ངོ་སྤྲོད་བྱེད་པ་དང་འདི་གར་བཅའ་སྡོད་བྱེད་མཁན་རུ་མི་ཚོས་ཀྱང་རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ་བྱེད་པའི་འགན་འཁྲི་འཁུར་བཞིན་ཡོད།
མིག་སྔར། ཁུ་ཁུ་ཤིས་རི་བརྟན་སྲུང་བྱེད་པའི་སྙིང་སྟོབས་ནི་མཛད་རྗེས་རྡོ་རིང་ཞིག་ཏུ་གྱུར་ཡོད། དེ་ནི་ས་མཐོའི་མི་དམངས་ཀྱིས་རང་བྱུང་ལ་དགའ་ཞེན་དང་གུས་བཀུར་བྱེད་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དོན་གཉེར་བྱེད་པ་ཞིག་ཡིན།
(ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང)
འདི་ནི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ། ཁུ་ཁུ་ཤིས་རིའི་སྐོར་གཡེང་རུ་ཁག་གི་རུ་མི་ཚེ་རིང་སྟོབས་རྒྱལ་གྱིས་གཙོད་ཕྲུག་ལ་ལྟ་རྟོག་བྱེད་བཞིན་པ། (2023ལོའི་ཟླ་7ཚེས་28ཉིན་པར་བརྒྱབ)