གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་22ཉིན། 15:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཉིང་། ཀྲང་ལུང་།
དགུན་དུས་ཀྱི་གྲང་རླུང་འུར་འུར་ལྡང་ཞིང་། ཀོ་ལྷམ་མཐུག་པོ་འཁྱགས་རོམ་སྟེང་སྤོ་བའི་ཧྲག་སྒྲ་གྲགས་པ་དང་བསྟུན་ཏེ་མཚོ་འགྲམ་ནས་ཡོང་བའི་མི་བཞིའི་གཟུགས་བརྙན་རིམ་བཞིན་གསལ་པོར་མངོན། ཁོང་ཚོའི་སྣེ་ཁྲིད་མཁན་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་མཚོ་སྔོན་པོ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཨོ་འུ་ཡིན་པ་དང་། ཁོང་གིས་ཁྲིམས་སྒྱུར་ཟིན་འགོད་ཡོ་བྱད་དང་། རྒྱང་ཤེལ། ཉེན་ཟོན་དབྱུག་པ་སོགས་ཀྱི་སྒྲིག་ཆས་ཆ་ཚང་ཁྱེར་ནས་གོམ་པ་སྤོ་མཚམས་ཡང་བཞག་སྟེ་རྒྱང་ཤེལ་གྱིས་མཐའ་འཁོར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་ཀྱི་ཡོད།
རྒྱང་རིང་དུ་ཡུལ་སྐོར་བ་འགའ་ཞིག་རྐང་ཐང་མར་མཚོ་དཀྱིལ་དུ་འགྲོ་རྩིས་བྱེད་བཞིན་ཡོད་པ་མཐོང་འཕྲལ་ཨོ་འུ་ཡིས། “མུ་མཐུད་དཀྱིལ་དུ་འགྲོ་མི་ཉན”ཞེས་སྐད་ཤུགས་ཆེན་པོས་འབོད།
ཡུལ་སྐོར་བས་གོམ་པ་སྤོ་མཚམས་བཞག་པ་མཐོང་སྐབས་ཨོ་འུ་གཞི་ནས་ལྷོད་ལ་བབས། ཁོང་གིས་མིག་ཤེལ་ཐོག་གི་རླངས་པ་འཕྱིད་བཞིན“དགུན་དུས་ནི་མཚོ་སྔོན་པོར་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཡིན་རུང་། སྔར་བཞིན་ཡུལ་སྐོར་བ་མི་ཉུང་བ་ཞིག་འདི་གར་ཡོང་ནས་དར་ཆགས་པའི་མཚོ་ངོས་སུ་རྐང་ཐང་མར་འགྲོ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ང་ཚོས་དུས་ཐོག་ཏུ་ཤེས་རྟོགས་དང་དྲན་སྐུལ་བྱས་ནས། ཁོང་ཚོ་འཁྱགས་པ་སྲབ་མོའི་སྟེང་ཕྱིན་ནས་གནས་ཚུལ་མི་ཐོན་སྔོན་འགོག་བྱེད་ཀྱི་ཡོད”ཅེས་བརྗོད།
“ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སུ། མངགས་གཏོང་ཁང་གིས་གཟའ་འཁོར་གཉིས་རེར་མཚོ་སྔོན་པོར་སྐོར་ཞིབ་ཐེངས་རེ་བྱེད་པ་དང་། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཉིན་རེར་སྐོར་ཞིབ་ཐེངས་རེ་བྱེད་ཀྱི་ཡོད”ཅེས་མཚོ་སྔོན་པོ་མངགས་གཏོང་ཁང་གི་སུའོ་ཀྲང་ཧུའུ་ཅུན་ཆིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་མངགས་གཏོང་ཁང་གིས་རྒྱུན་གཏན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་པ་དང་ཆབས་ཅིག ཉེན་རྟོག་པའི་སྟོབས་ཤུགས་དེ་སྐྱེ་ཁམས་ཉེན་རྟོག་ལས་དོན་ལ་ཁ་ཕྱོགས་གང་ཐུབ་བྱས་པས། མཚོ་སྔོན་པོའི་མཐའ་འཁོར་གྱི་རི་སྐྱེས་སྲོག་ཆགས་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་འགན་འཁྲི་ཡང་དེ་བཞིན་ལྕི་པོ་ཡོད་ཅེས་བརྗོད།
“ང་ཚོས་གཙོ་བོ་དོགས་ཡོད་མི་སྣ་དང་ཉ་འཛིན་ཡོ་བྱད་སོགས་ཡོད་མེད་དང་། མཚོ་ངོས་སུ་དོགས་ཡོད་གྲུ་གཟིངས་དང་ལྐོག་ཏུ་ཉ་རྒྱག་མཁན་གྱིས་བཙུགས་པའི་ཉ་རྒྱ་སོགས་ཡོད་མེད་ལ་ལྟ་ཞིབ་བྱས་ནས། མཚོ་སྔོན་པོ་འབབ་རྒྱུད་དུ་ཁྲིམས་འགལ་ངང་ཙོང་ཉ་འཛིན་པའི་ཁྲིམས་འགལ་བྱེད་སྤྱོད་ལ་འབྱུང་རྩ་ནས་རྡུང་རྡེག་བཏང་སྟེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་ཀྱི་ཡོད”ཅེས་ཧུའུ་ཅུན་ཆིས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཙོང་ཉ་ནི་མཚོ་སྔོན་པོའི་དམིགས་བསལ་གྱི་རྩ་ཆེའི་སྲོག་ཆགས་རིགས་ཤིག་ཡིན་པ་དང་། མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་འཁོར་འབྲེལ་བདེ་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད། ལོ་ལྟར་གྱི་ཟླ་བ་དྲུག་པ་ནི་ཙོང་ཉ་ཕྱིར་རྒྱུ་ནས་སྒོ་ང་གཏོང་བའི་དུས་ཚིགས་ཡག་ཤོས་ཤིག་ཡིན་པས། རྐང་ཚ་རྫོང་ནུབ་བྱང་རྒྱུད་དུ་གནས་པའི་ཁྱོན་འཁྱིལ་གཙང་པོར་ཙོང་ཉ་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། དུས་འདི་ཡང་རྐང་ཚ་རྫོང་ཁྱོན་འཁྱིལ་མངགས་གཏོང་ཁང་གི་ལོ་གཅིག་གི་ནང་ལས་བྲེལ་ཆེ་ཤོས་ཀྱི་དུས་ཡིན།
ཁྱོན་འཁྱིལ་མངགས་གཏོང་ཁང་གི་སུའོ་ཀྲང་དབྱང་ཧྲེང་ཧྲེང་གིས། ཙོང་ཉ་ཕྱིར་རྒྱུ་བའི་དུས་ཚིགས་སླེབས་རིམ་བཞིན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྟག་ཏུ་མི་གསུམ་ཚོགས་ཆུང་གཅིག་བྱས་ནས་ཁྱོན་འཁྱིལ་གཙང་པོའི་རྒྱུད་དུ་སྐོར་ཞིབ་བྱེད་ཅིང་། གཟའ་འཁོར་རེའི་དུས་ཚོད་མང་ཆེ་བ་གཙང་མགྲམ་དུ་སྡོད་ཀྱི་ཡོད། སྐབས་འགར་ལས་བྲེལ་ཆེ་བས་ཁ་ལག་ཀྱང་ཟ་ཁོམ་མི་འདུག་ཅེས་ངོ་སྤྲོད་བྱས།
2024ལོའི་ཟླ་6པར། ཆར་ཆུ་ཉུང་བའི་རྐྱེན་གྱིས་ཁྱོན་འཁྱིལ་གཙང་པོའི་ཆུ་ཕྲན་དུ་ཆུ་རྒྱུན་ཆད་པ་དང་སྐམ་པའི་གནས་ཚུལ་ཐོན་ཡོད། འདི་ནི་ཙོང་ཉ་ཁྲི་ཕྲག་ལྷག་ཙམ་ཕྱིར་རྒྱུའི་འགག་རྩའི་དུས་སྐབས་སུ་སླེབས་པར་ཆ་མཚོན་ན། “རྩ་མེད་དུ་འགྲོ་བའི་ཆག་སྒོ”ཆེན་པོ་ཞིག་རེད།
ཙོང་ཉའི“ཚེ་སྲོག་བགྲོད་ལམ”སྲུང་ཆེད། ཁྱོན་འཁྱིལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་མཐའ་འཁོར་གྱི་མང་ཚོགས་དང་འབྲེལ་བ་བྱས་ཏེ། ཉ་རྒྱ་དང་། ཆུ་ཟོམ། དྲ་ཁུག་སོགས་ཀྱི་ཡོ་བྱད་སྤྱད་དེ་ཆུ་ཁ་བྲི་ནས་ལུས་པའི་ཙོང་ཉ་རྣམས་མགྱོགས་མྱུར་ཁྱོན་འཁྱིལ་གཙང་པོའི་ཆུ་གཞུང་དུ་དབོར་བ་རེད། “ཙོང་ཉ་ཆུ་ནང་དུ་གློད་ནས་ཆུ་བོའི་གྱེན་འདེད་དེ་རྒྱུ་བ་མཐོང་སྐབས་དཀའ་ངལ་ག་ཚོད་ཀྱིས་ཆེ་ཡང་ལས་རིན་ཡོད་པ་ཞིག་འདུག་སྙམ་བྱུང”ཞེས་དབྱང་ཧྲེང་ཧྲེང་གིས་བརྗོད་པ་རེད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)