འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་22ཉིན།

༄༅།།པེ་ཅིང་གིས་དཔྱིད་གསར་དུས་ཆེན་རིང་སྒོར་ཁྲི་3300ཟིན་པའི་དམངས་ཕན་གྱི་གློག་བརྙན་སྤ་སེ་སྤྲོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་22ཉིན། 14:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་དཔྱིད་གསར་དུས་ཆེན་རིང་། པེ་ཅིང་གིས་ཉེ་བའི་ལོ་འགའི་རིང་དངུལ་གཏོང་མང་ཤོས་ཀྱི་དམངས་ཕན་གྱི་གློག་བརྙན་ལྟ་བའི་བྱེད་སྒོ་སྤེལ་བར་ཁྱོན་མ་དངུལ་སྒོར་ཁྲི་3300ཟིན་པ་རེད། དེ་ནི་ཟླ་1ཚེས་20ཉིན་འཚོགས་པའི་2025ལོའི་པེ་ཅིང་གྲོང་ཁྱེར་གྱི་དཔྱིད་གསར་དུས་ཆེན་གྱི་རིག་གནས་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ཞིག་རེད།

   པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་པེ་ཅིང་གྲོང་ཁྱེར་གློག་བརྙན་ཅུས་ཀྱི་ཅུས་ཀྲང་ཧོ་ཀྲི་ཅིང་གིས་དཔྱིད་གསར་དུས་ཆེན་རིང་གློག་བརྙན་གྱི་ཁྲོམ་ར་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་ཆེད། 2023ལོ་ནས་བཟུང་། པེ་ཅིང་གིས་ལོ་ལྟར་དཔྱིད་གསར་དུས་ཆེན་རིང་དམངས་ཕན་གྱི་གློག་བརྙན་ལྟ་བའི་བྱེད་སྒོ་སྤེལ་ཡོད། འདི་ལོར་པེ་ཅིང་གིས“གློག་བརྙན་ཁང་དུ་ལོ་གསར་གཏོང་བ་སྟེ། 2025ལོའི་དཔྱིད་གསར་དུས་ཆེན་རིང་གློག་བརྙན་ལྟ་བའི་དམངས་ཕན་བྱེད་སྒོ”དེ་ལོ་གསར་གྱི་ཚེས་གཅིག་ཉིན་(ཟླ་1ཚེས་29ཉིན)ནས་ཚེས་བཅུ་དགུ་ཉིན(ཟླ་2ཚེས་16ཉིན)བར་མ་དངུལ་སྒོར་ཁྲི་3300ཟིན་པའི་དམངས་ཕན་གྱི་གློག་བརྙན་ལྟ་བའི་སྤ་སེ་སྤྲོད་རྒྱུ་ཡིན་པས། ལྟད་མོ་བས་འབྲེལ་ཡོད་ཀྱི་གློག་བརྙན་གྱི་སྤ་སེ་བཙོང་ས་བརྒྱུད་དུས་བཀག་གི་བྱེད་སྒོར་ཞུགས་པ་དང་། སྤ་སེ་ཉོས་ཚེ་རིན་གོང་གཅོག་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་རིན་གོང་ཁེ་པོ་ལོངས་སུ་སྤྱོད་ཐུབ་ཅེས་ངོ་སྤྲོད་བྱས།

     དཔྱིད་གསར་དུས་ཆེན་རིང་། པེ་ཅིང་གི་ཟློས་གར་ཁང་ཆེ་གྲས་དང་། གཙོ་གནད་རྟེན་རྫས་བཤམས་མཛོད་ཁང་། སྤྱི་གླིང་བཅས་ཕྱོགས་ཡོངས་ནས་སྒོ་དབྱེ་རྒྱུ་དང་། འཁྲབ་སྟོན་ཐད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་ཚོང་གཉེར་རང་བཞིན་གྱི་གར་སྟེགས་353བཙུགས་ནས་འཁྲབ་སྟོན་ཐེངས་2736བྱ་རྒྱུ་མ་ཟད། རྒྱལ་ཁབ་ཟློས་གར་ཁང་ཆེ་མོ་དང་པེ་ཅིང་འཁྲབ་སྟོན་ཚོགས་པ་སོགས་རིག་རྩལ་ཁང་དང་ཚོགས་པས་དཔྱིད་གསར་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་སྐོང་འཁྲབ་བྱེད་སྒོ་གཉེར་རྒྱུ་མ་ཟད། པེ་ཅིང་ཁུལ་གྱི་རྟེན་རྫས་བཤམས་མཛོད་ཁང་གིས“རྟེན་རྫས་བཤམས་མཛོད་ཁང་དུ་ལོ་གསར་གཏོང་བའི”སྤུས་རྟགས་ཟམ་མི་ཆད་པར་བཏོད་དེ། འགྲེམས་སྟོན་དང་རིག་གནས་མྱོང་རོལ་གྱི་བྱེད་སྒོ་ཁག་175གཉེར་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་གླིང་ཆེ་གྲས་ཁག་གིས་དམངས་སྲོལ་བྱེད་སྒོ་དང་། མེ་ཏོག་དང་རྩི་ཤིང་རྩེ་གྲ་འགྲེམས་སྟོན། རིག་གནས་འགྲེམས་སྟོན་སོགས་ཚུད་པའི་རིག་གནས་བྱེད་སྒོ་200ལྷག་ཙམ་གཉེར་རྒྱུ་ཡིན་པ་རེད།