གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་22ཉིན། 14:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་1ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་ཤེས་རྟོགས་བྱུང་བར་གཞིགས་ན། འབར་མའི་དམག་དཔུང་དང་འབར་མའི་མི་རིགས་ས་གནས་དྲག་ཆས་དཔའ་ངར་མནའ་མཐུན་དམག་གིས་ཉིན་ཤས་གོང་ཁུན་མིང་དུ་ཞི་བའི་གྲོས་མོལ་བྱས་པ་དང་འབྲེལ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ད་ཐེངས་ཀྱི་ཞི་བའི་གྲོས་མོལ་གྱི་རྒྱབ་ལྗོངས་དང་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་གནང་རོགས།
མའོ་ཉིང་གིས་ངོ་སྤྲོད་བྱས་དོན། ཟླ་1པའི་ཟླ་དཀྱིལ་དུ། ཀྲུང་གོ་ཕྱོགས་ཀྱིས་བར་འདུམ་དང་སྐུལ་འདེད་འོག འབར་མ་སྲིད་གཞུང་དང་མནའ་མཐུན་དམག་གིས་ཡུན་ནན་ཁུན་མིང་དུ་ཞི་བའི་གྲོས་མོལ་ཐེངས་བདུན་པ་འཚོགས་པ་རེད། ཕྱོགས་གཉིས་པོས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དངོས་སུ་བཞག་པ་དང་འབྲེལ་མིང་རྟགས་བཀོད་ནས་པེ་ཅིང་དུས་ཚོད་2025ལོའི་ཟླ་1ཚེས་18ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་ས་གནས་དེ་གར་དམག་མཚམས་བཞག་པ་རེད། ཕྱོགས་གཉིས་པོས་ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད།
མའོ་ཉིང་གིས་འབར་མའི་བྱང་རྒྱུད་ཀྱི་དུས་བབ་ཇེ་ལྷོད་དུ་ཕྱིན་པ་དེ་འབར་མའི་ཕྱོགས་ཁག་དང་དེ་བཞིན་ས་ཁུལ་རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་པ་དང་། ཀྲུང་གོ་དང་འབར་མའི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་བཤད་པ་རེད། ཀྲུང་གོ་དང་འབར་མ་ནི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་འབར་མར་དམག་འཁྲུག་དང་ཟང་ཟིང་ཐོན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་ཁག་གིས་དམག་མཚམས་འཇོག་པའི་ཞི་བའི་གྲོས་མོལ་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས་ངོས་འཛིན་གཅིག་མཐུན་དོན་འཁྱོལ་ཏན་ཏིག་བྱས་ཏེ། ས་གནས་དེ་གའི་དུས་བབ་རང་འགུལ་ངང་ཞི་ལྷོད་དུ་གཏོང་བ་དང་། སྐད་ཆ་ཤོད་རེས་བརྒྱུད་འབྲེལ་ཡོད་གནད་དོན་སྔར་བས་གྲོས་མོལ་ངང་ཐག་གཅོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཀྲུང་གོ་ཕྱོགས་ཀྱིས་འབར་མས་རང་བཙན་བདག་དབང་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། འབར་མས་རྒྱལ་ནང་གི་ཞི་བདེ་བརྟན་བརླིང་ཡོང་བར་འབད་ནས་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། འབར་མ་ཕྱོགས་ཀྱིས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཆབ་སྲིད་འདུམ་འགྲིག་སྔ་ཙམ་མངོན་འགྱུར་དང་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཞི་བདེ་ཡོང་བར་ཁ་ཏ་དང་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འབར་མ་བྱང་རྒྱུད་ཀྱི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན།