འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་20ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གིས་གསོ་སྤེལ་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པས་ས་ཁོངས་སྒྲོལ་བའི་ཐོན་ཁུངས་གསབ་རེས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་20ཉིན། 10:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

སྐྱེ་ཁམས་བཟང་པོའི་བཀའ་དྲིན་ལས། འབྲོག་པ་ཕྱུག་འགྱུར་ལམ་དུ་བསྐྱོད།

འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་། ཚའོ་ཅི་ཝེ།

“རང་ཁྱིམ་ལ་ལུག་400ཙམ་ཡོད། ད་ལོ་ནི་དབྱང་ཧྥང་གྲོང་ཚོའི་རྩྭ་ར་གཡར་ཐེངས་གསུམ་པ་ཡིན”ཞེས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་མཁར་དམར་གྲོང་རྡལ་འགྱུར་དགོན་གྲོང་ཚོའི་མཉམ་ལས་ཁང་གི་འབྲོག་པ་པོ་ཁཱོ་ཡིས་བཤད་པ་དང་། ཁོང་གིས་རྩྭ་ར་གཡར་སའི་དབྱང་ཧྥང་གྲོང་ཚོ་ནི་ཀན་སུའུ་ཞིང་ཆེན་མིང་ལེ་རྫོང་ནན་ཀུའུ་གྲོང་རྡལ་དུ་ཡོད།

འབྲོག་པ་པོ་ཁཱོས་ངའི་ཕ་ཡུལ་དུ་རྩྭ་ར་དེ་ཙམ་མང་པོ་མེད་སྟབས། སྔོན་མ་དགུན་སྒྲོལ་གྱི་གཟན་རྩྭ་སྔོན་ནས་གསོག་དགོས་པས་དུས་ཚོད་མང་པོ་འགོར་ལ་མི་ཤུགས་ཀྱང་མང་པོ་དགོས་ཀྱི་ཡོད། ཉེ་བའི་ལོ་འགའི་རིང་། རྩྭ་ར་གཡར་བའི་བྱེད་སྟངས་སྤྱད་པ་དེས་ལོ་ལྟར་མ་གནས་སྒོར་ཁྲི་1ལྷག་ཙམ་གྲོན་ཆུང་ཐུབ་ལ། ཨ་ཤོམ་ཡུར་བ་སྟེར་བས་ནོར་ལུག་གི་ཤ་ཤེད་ཡག་ཏུ་ཕྱིན་སོང་ཞེས་གསར་འགོད་པར་བཤད།

“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་གནས་ཡོད་ཅིང་། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ཡོད” མདོ་ལ་རྫོང་ནི་མདོ་ལ་རིང་མོའི་ལྷོ་འདབས་སུ་གནས་པ་དང་། དེ་གའི་འཁྱགས་རོམ་དང་། གངས་རི། ཆུ་བོ་བཅས་ཀྱིས་ནགས་ཚལ་དང་། རྩྭ་ཐང་། དེ་བཞིན་རྩ་ཆེན་སྲོག་ཆགས་གསའ་དང་། འབྲོང་། ཤྭ་བ་མཆུ་དཀར་སོགས་རྩ་ཆེན་སྲོག་ཆགས་མང་པོ་བསྐྱངས་ནས་འཚོ་གནས་བྱ་ཡུལ་དུ་གྱུར། འདི་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་མགོའི་ཆུ་རྩ་གསོ་འཁྱོངས་བྱ་ཡུལ་ཞིག་ཀྱང་ཡིན་པ་མ་ཟད། རང་རྒྱལ་གྱི་ནང་འབབ་ཆུ་ནག་གི་འབྱུང་ཁུངས་ཀྱང་དེ་གར་ཡོད།

ད་ཆ་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་མི་ཚང་མའི་སེམས་སུ་གཏིང་ཟབ་ཟུག་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་འོག ཐོན་ལས་འཕེལ་རྒྱས་བཏང་སྟེ་སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་གཅིག་ལ་གཅིག་བརྟེན་དང་གཅིག་གྱུར་ཇི་ལྟར་ཡོང་བ་བྱེད་རྒྱུ་ནི་མདོ་ལ་རྫོང་གིས་ཐག་གཅོད་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།

སྔར་ནས་བཟུང་། འབྲོག་ལས་ནི་མདོ་ལ་རྫོང་གི་འབྲོག་པ་མང་ཚོགས་ཀྱི་འཚོ་རྟེན་དང་ཀ་རྟེན་ཐོན་ལས་ཤིག་རེད། “ནོར་ལུག་སྐྱེ་འཕེལ་དང་བཤས་གཏོང་བའི་བར་དུས་ཚིགས་ཀྱི་ཁྱད་པར་མངོན་གསལ་ཆེ་ལ། སྟོན་དགུན་གཉིས་ཀྱི་མཚམས་སུ་བེའུ་དང་ལུ་གུ་མང་པོ་བཙའ་སྐབས་རྩྭ་རིམ་བཞིན་སྐམ་པའི་དུས་སུ་འཁེལ་བས་ལུག་ཁྱུའི་སྐྱེ་འཕེལ་ལ་འཚོ་བཅུད་མི་འདང་བ་དང་། གཟན་རྩྭ་སྤུས་ལེགས་ཁ་གསབ་ཀྱི་མ་གནས་མཐོ་བའི་དཀའ་ངལ་འཕྲད་ཀྱི་ཡོད་པས། སྲོལ་རྒྱུན་གྱི་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་དགོས་པ་འདུག”ཅེས་མདོ་ལ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀང་ཧྥུའུ་ཡིས་ངོ་སྤྲོད་བྱས།

བྱང་གི་མདོ་ལ་རིང་མོ་བརྒལ་ཚེ་རྨ་ནུབ་བར་ཁྱམས་སུ་སླེབས་པ་དང་། དེའི་ས་བབ་མཐོ་ཚད་ཅུང་དམའ་ལ་ཨ་ཤོམ་ཡུར་བ་སོགས་ཀྱི་གཟན་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་གཞི་ཁྱོན་ལྡན་པའི་གསོ་སྤེལ་བྱ་རྒྱུར་འཚམ་པོ་ཡོད། མདོ་ལ་རྫོང་གི་ཞིང་པ་དང་འབྲོག་པས་རྩྭ་ར་སྤོ་བ་དང་གཡར་བ་དེས། ནོར་ལུག་ལ་ཨ་ཤོམ་ཡུར་བ་འདང་ངེས་བཟའ་རྒྱུ་བྱུང་ནས་རྩྭ་རའི་གནོན་ཤུགས་ཆུང་དུ་སོང་ལ། ཀན་སུའུ་ཞིང་ཁུལ་གྱི་ཡུལ་མི་རྣམས་ཀྱིས་ཨ་ཤོམ་བཏུས་རྗེས་ཡུར་བ་བཙོང་མི་ཐུབ་པར་སེམས་ཁྲལ་བྱེད་དགོས་མེད་པར་གྱུར།

རྩྭ་ར་གཡར་བར་སྐུལ་འདེད་གཏོང་རིང་། མདོ་ལ་རྫོང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཕྱོགས་ཡོངས་ནས་འགན་སྲུང་མ་ལག་བཟོས་པ་སྟེ། སྲིད་ཇུས་ནས་འདེགས་སྐྱོར་བྱེད་པའི་ཐད། ཉེ་འབྲེལ་རྫོང་ཁོངས་དང་སྒྲོམ་གཞིའི་གྲོས་མཐུན་བཞག་སྟེ་རྩྭ་ར་བོགས་མར་གཏོང་བ་དང་། གཟན་རྩྭའི་རྟེན་གཞི་བསྐྲུན་པ། འཕྲུལ་ཆས་ཉོ་བ་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཞིང་པའི་གསར་གཏོད་ཀྱི་ཧུར་སེམས་འཕེལ་ཐབས་བྱས་པ་དང་། ལམ་སྲོལ་བཟོ་བའི་ཐད། གཉེར་སྐྱོང་དང་། གསོ་སྤེལ། རིམས་འགོག བཤས་གཏོང་བ། བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་བྱེད་སྟངས་བཏོད་ཡོད། གཞན་ཡང་། རྫོང་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཀྱི་གསོ་སྤེལ་དང་ཐོན་རྫས་བྲིན་ཚོང་དོ་དམ་གྱི་བྱ་ཐབས་འཚོལ་ཞིབ་བྱས་ནས་བཟོས་པ་མ་ཟད། ཁྲོམ་རའི་གོང་སྒྲིག་དབང་ཆ་རིམ་པས་ཆེ་རུ་བཏང་བས་ཞིང་འབྲོག་པའི་ཁེ་དབང་འགན་ལེན་ཏན་ཏིག་ཐུབ་ཡོད། ཕྱོགས་བསྡུས་ཀྱི་ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། “རྩྭ་ར་གཡར་རྒྱུ”ལག་ལེན་བསྟར་བ་ནས་བཟུང་། ཞིང་འབྲོག་དུད་ཚང་ཚང་མར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.04བྱུང་ཡོད།

དེང་སང་མདོ་ལ་རྫོང་གི་དུད་ཚང་392ཚང་མ“རྩྭ་ར་གཡར་བའི”ནང་ཞུཌ་པར་ཕྱུགས་རིགས་མགོ་གྲངས་7200ལྷག་ཙམ་དང་ལུག་མགོ་གྲངས་ཁྲི་15ལྷག་ཙམ་ཡོད། གསོ་སྤེལ་བྱེད་སྟངས་གསར་པ་དེས་འབྲོག་པར་འབབ་འཕར་གྱི་ཐབས་ལམ་གསར་པ་བྱུང་ལ། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་རྒྱས་ཐུབ་པ་བྱུང་ཞིང་། ད་ཆ་མདོ་ལ་རྫོང་གིས་སྐྱེ་ལྡན་འབྲོག་ལས་རྟེན་གཞི་5བསྐྲུན་ཏེ་ཁས་ལེན་ཐོབ་པའི་སྐྱེ་ལྡན་འབྲོག་རའི་རྒྱ་ཁྱོན་གྱིས་བེད་སྤྱོད་ཆོག་པའི་རྩྭ་རའི་རྒྱ་ཁྱོན་བཟུང་ཚད་90.82%ཟིན་ནས་རྩྭ་རའི་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ཡོད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)