འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་20ཉིན།

༄༅།།ཡུན་ནན་སེམས་ཀྱི་ཉི་ཟླའི་མེ་འཁོར་བབས་ཚུགས་ཀྱི“དྲོད་གཏོང་བ”དགུན་དུས་ཀྱི་མཚན་མོར་ཤུགས་འགྲེམས་མེ་འཁོར་ལ་གྲང་འགོག་དྲོད་སྲུང་བྱེད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་20ཉིན། 10:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཡུན་ནན་སེམས་ཀྱི་ཉི་ཟླའི་མེ་འཁོར་བབས་ཚུགས་སུ་ཏིང་ཡུང་ཐའོ་ཡིས་ཤུགས་འགྲེམས་མེ་འཁོར་གྱི་འཁོར་སྒམ་ལ་དྲོད་ཚད་ལྟ་བཞིན་པ། ཁྲེན་ཁྲང་གིས་པར་བརྒྱབ(མི་དམངས་མཐོང་ཚོར)

ཡུན་ནན་སེམས་ཀྱི་ཉི་ཟླའི་མེ་འཁོར་བབས་ཚུགས་སུ་ཏིང་ཡུང་ཐའོ་ཡིས་ཤུགས་འགྲེམས་མེ་འཁོར་གྱི་འཁོར་སྒམ་ལ་དྲོད་ཚད་ལྟ་བཞིན་པ། ཁྲེན་ཁྲང་གིས་པར་བརྒྱབ(མི་དམངས་མཐོང་ཚོར)

འདི་ག་ཚགས་པར་གྱི་གསར་འགོད་པ། ཡེ་ཁྲོན་ཙེང་།

ཆུ་ཚོད་22དང་སྐར་མ་50ལ་ཤུགས་འགྲེམས་མེ་འཁོར་མཇུག་ཤོས་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་མེ་འཁོར་བབས་ཚུགས་སུ་འབྱོར་ཞིང་། འགྲུལ་པ་གཅིག་རྗེས་གཉིས་མཐུད་ངང་མེ་འཁོར་བབས་ཚུགས་ནས་ཁ་གྱེས་རྗེས་འདུ་འཛི་ཆེ་བའི་བབས་ཚུགས་སླར་ཡང་ལྷིང་འཇགས་སུ་གྱུར། ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་བ་དང་དྲོད་ཚད་ཧྲེ་ཧྲི་ཏུའུ་0ལས་མེད་པས། མེ་འཁོར་བབས་ཚུཌ་སུ་བཀག་པའི་མེ་འཁོར་གསུམ་པོ་ས་བབ་མཐོ་ཚད་སྨི་3200ལྷག་ཙམ་ཟིན་པའི་སེམས་ཀྱི་ཉི་ཟླའི་གྲང་ངར་ཆེ་བའི་བབས་ཚུགས་སུ་ཞག་མ་གཅིག་འཇོག་རྒྱུ་རེད།

ལག་སྒྲོན་གཉིས་ཀྱི་འོད་ཀྱིས་སྨག་རུམ་མུན་པའི་སེང་རས་བརྟོལ་བ་ལྟར་སྒུག་སྟེགས་དང་པོའི་ཕ་རོལ་ནས་འཕྲོས་འོང་། “གནམ་གཤིས་སྔོན་བརྡ་ལྟར་ན། དོ་དགོང་གངས་འབབ་རྒྱུ་རེད་འདུག་པས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ཟིན་གྱི་རེད། གང་མགྱོགས་དྲོད་གཏོང་དགོས”ཞེས་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ཏཱ་ལི་འཁོར་དོན་དུམ་བུའི་གློག་ཤུགས་མེ་འཁོར་གྱི་ཁ་ལོ་བ་དབྱིན་ཀྲོའོ་ཅུན་དང་ཁོང་གི་ལས་རོགས་ཀྱིས་གོམ་སྟབས་མགྱོགས་སུ་བཏང་ནས་མེ་འཁོར་གྱི་ཁ་ལོ་སྒྱུར་ཁང་དུ་བསྐྱོད། འཁོར་སྒམ་ནང་འཕྲུལ་ཆས་བཟོ་བཀོད་པ་ཏིང་ཡུང་ཐའོ་ཡང་ལས་གནས་སུ་སླེབས་ཡོད་པ་རེད།

དགུན་ཁ་གནམ་གཤིས་གྲང་བས་མིས་གྲང་ངད་བཟོད་དཀའ་བ་ཨ་ཅང་ཅང་། ཤུཌ་འགྲེམས་མེ་འཁོར་ཡང་ཚ་པོ་བཟོ་དགོས་ཀྱི་ཡོད། དྲོད་ཚད་དམའ་བའི་གནམ་གཤིས་ལས་མེ་འཁོར་གྱི་ཆུ་མཁོ་འདོན་མ་ལག་དང་བཀག་གཏོང་མ་ལག་སོགས་སྒྲིག་ཆས་ལ་འཁྱགས་པ་ཐེབས་ན་ཉིན་གཉིས་པར་མེ་འཁོར་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན། སེམས་ཀྱི་ཉི་ཟླའི་མེ་འཁོར་བབས་ཚུགས་སུ“དྲོད་གཏོང་བ”མང་པོས་མེ་འཁོར་བབས་ཚུགས་སུ་ཡོད་པའི་ཤུགས་འགྲེམས་མེ་འཁོར་སྔོན་ཚུད་ནས་གློག་བསླངས་ཏེ་ཚ་པོ་བཟོས་ནས“གྲང་འགོག་དྲོད་སྲུང”བྱེད་ཀྱི་ཡོད།

“མེ་འཁོར་དུས་ཐེངས་D2807གྱི་ཁ་ལོ་བ། ཤུགས་འགྲེམས་མེ་འཁོར་ལ་གློག་གཏོང་རོགས”ཞེས་དབྱིན་ཀྲོའོ་ཅུན་གྱི་འབོད་ཆད་ནས་ཏིང་ཡུང་ཐའོ་ཡི་སྐད་གྲགས།

“ཁ་ལོ་བས་ཤེས་སོང”ཞེས་ལན་བརྒྱབ་རྗེས། དབྱིན་ཀྲོའོ་ཅུན་གྱིས་སྒོ་ཕྱེ་བ་དང་མེ་འཁོར་ནང་འཛུལ་ཏེ་བྱང་ཆ་ལྡན་པའི་སྒོ་ནས་བཀག་གཏོང་མ་ལག་ཕྱེ་བ་དང་མེ་འཁོར་གྱི་གློག་འདོན་མ་ལག་གི་ནུས་པ་བསླངས་པ་དང་དུས་མཚུངས་དཔྱད་ཆས་སྒྲིག་ཆས་རེ་རེ་བཞིན་ལ་ཞིབ་བཤེར་བྱས།

“མེ་འཁོར་ལ་གློག་བཏང་ཟིན་པས། དྲོད་བཏང་ན་ཆོག”ཅེས་ཆུ་ཚོད་23དང་སྐར་མ་40ལ་བཀའ་འབྱོར་རྗེས་ཏིང་ཡུང་ཐའོ་འཁོར་སྒམ་མཐུད་སར་ཡོང་ནས་ཚོད་འཛིན་སྒམ་གྱི་སྒོ་ཕྱེ། ཧུང་སྒྲ་ཞིག་དང་བསྟུན་ཏེ་རླུང་དྲོད་འཕྲུལ་འཁོར་ནས་དྲོད་རླངས་འཕྱུར་བ་དང་འཁོར་སྒམ་ནང་གི་དྲོད་ཚད་རིམ་གྱིས་མཐོ་རུ་སོང་།

མེ་འཁོར་ཚ་པོ་བཟོ་བའི་བརྒྱུད་རིམ་ནང་། ཏིང་ཡུང་ཐའོ་ཡིས་འཁོར་སྒམ་ཁག་ལ་སྐོར་ཞིབ་བྱས་ཏེ་འཁོར་སྒམ་གྱི་ཐོག་པང་དང་། གྱང་ངོས། པང་གཅལ་བཅས་ལ་དྲོད་ཚད་བལྟས་པ་དང་འབྲེལ་ཟིན་ཐོར་བཀོད། ཏིང་ཡུང་ཐའོ་ཡིས“གནས་འདི་དག་གསུམ་གྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་18ཡན་ལ་སླེབས་ན་གཞི་ནས་ཚད་གཞི་ལོན་པ་དང་ཉིན་གཉིས་པའི་ཞོགས་པ་མེ་འཁོར་མ་ཐོན་བར་དུ་དྲོད་ཚད་འདི་ལྟར་དགོས། དེ་ལྟར་བྱུང་ན་ཕྱི་རོལ་དུ་གྲང་མོ་ཇི་ཙམ་ཡོད་ཀྱང་འགྲུལ་པ་འཁོར་སྒམ་དུ་འཛུལ་མ་ཐག་དྲོ་སོབ་སོབ་ཡོང་གི་རེད”ཅེས་བཤད།

མེ་འཁོར་གཅིག་ལ་འཁོར་སྒམ་16ཡོད་པས་ཏིང་ཡུང་ཐའོ་ཡིས་སྐོར་ཞིབ་བྱེད་ཐེངས་གཅིག་ལ་ཧ་ལམ་སྐར་མ་30འགོར་གྱི་ཡོད་ཅིང་། མཚན་མོ་ཆུ་ཚོད་གཉིས་རེར་སྐོར་ཞིབ་ཐེངས་རེ་བྱེད་དགོས་ཀྱི་ཡོད། དེའི་རིང་དྲོད་ཚད་ལྟ་བ་ཕུད། དྲོད་གཏོང་བས་ད་དུང་རླངས་འཁོར་གྱི་བཀག་གཏོང་སྒྲིག་ཆས་རྒྱུན་ལྡན་ཡིན་མིན་ལ་གཙོ་གནད་ཐོག་དོ་སྣང་བྱེད་དགོས་ཀྱི་ཡོད།

“ཐོ་རེངས་ཆུ་ཚོད་1དང་སྐར་མ་30ཟིན་སོང་། མེ་འཁོར་གྱི་ཕྱིར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ཟིན་པས། འཁྱགས་འགོག་བཀག་གཏོང་གི་ཚོད་ལྟ་བྱེད་རོགས”ཞེས་དབྱིན་ཀྲོའོ་ཅུན་ལ་ཏིང་ཡུང་ཐའོ་ཡི་དྲན་སྐུལ་འབྱོར་རྗེས། མྱུར་དུ་ཁ་ལོ་སྒྱུར་ཁང་དུ་བཀོལ་སྤྱོད་བྱེད་འགོ་བརྩམས། གློག་གཏོང་བ་དང་། བརྟན་བརླིང་ཚོད་ལྟ། བཀག་གཏོང་ཚོད་ལྟ་སོཌ་བྱས་རྗེས། ཏིང་ཡུང་ཐའོ་ཡིས་འཁོར་སྒམ་ཚོད་འཛིན་ཁང་གི་འཆར་ཤེལ་སྟེང་གི་གྲངས་གཞི་ཁག་ལ་ལྟ་ཞིབ་བྱེད་བཞིན། ཁོང་གཉིས་པོས་གཡས་གཞོགས་གཡོན་འདེགས་བརྒྱུད་བཀག་གཏོང་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།

ཞག་མར་ལུས་པའི་མེ་འཁོར་གཞན་གཉིས་ཀྱི་སྟེང་དུའང“དྲོད་གཏོང་བ”གཞན་དག་གིས་ཀྱང་གོང་གསལ་གྱི་ལས་རིམ་བསྐྱར་ཟློས་བྱེད་བཞིན་ཡོད། ཏིང་ཡུང་ཐའོ་ཡིས“དྲོད་གཏོང་བ་ནི་མེ་འཁོར་གྱི་འཁོར་སྐྱོད་བདེ་འཇགས་དང་འགྲུལ་པ་རྣམས་མེ་འཁོར་ལ་སྡོད་སྐབས་ཀྱི་སྐྱིད་སྣང་དང་འབྲེལ་བ་ཡོད། ལྷག་པར་དུ་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་ང་ཚོས་དེ་བས་རིག་པ་ལྕགས་སྐུད་ལྟར་སྒྲིམ་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང”ཞེས་བཤད།

ཐོ་རེངས་ཆུ་ཚོད་གསུམ་པར། ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་བབས་ཤིང་། དབྱིན་ཀྲོའོ་ཅུན་ཁ་ལོ་སྒྱུར་ཁང་ནས་ཕྱིར་ཐོན། ཁ་བའི་འདབ་མ་གྲང་རླུང་དང་འགྲོགས་ནས་སྟོད་ཐུང་གི་གོང་བའི་ནང་དུ་འཛུལ་བས་ཁོང་དབང་མེད་དུ་འཁྱག་འདར་ཞིག་ཤོར། ཁོང་གིས་སྒུག་སྟེགས་བརྒྱུད་དེ་མེ་འཁོར་སྟེང་གི་གཞུ་གློག་ཐོག་གངས་གསོག་ཐེབས་ཡོད་མེད་ལ་གཟབ་ནན་གྱིས་བལྟས།

ཞོགས་པའི་ཆུ་ཚོད་6དང་སྐར་མ་50ལ། ཤུགས་འགྲེམས་མེ་འཁོར་གཏོང་ཐེངས་དང་པོའི་ལས་བྱ་ཡིན་པའི་མགྲོན་ཞབས་ཚོགས་ཆུང་སྒུག་སྟེགས་སུ་འབྱོར། མཚན་མོ་གཅིག་གི་དྲོད་གཏོང་བའི་ལས་ཀ་ལེགས་གྲུབ་བྱུང་བའི་དབྱིན་ཀྲོའུ་ཅུན་དང་ཏིང་ཡུང་ཐའོ་མེ་འཁོར་ལས་བབས་ཏེ་བབས་ཚུཌ་ཕྱི་རོལ་གྱི་ཉལ་ཁང་ཕྱོཌ་སུ་ལོག བབས་ཚུཌ་མདུན་གྱི་ཐང་ཆེན་དུ་འགྲུལ་པ་གཅིག་རྗེས་གཉིས་མཐུད་དུ་འབྱོར་ཞིང་། རྒྱང་རིང་ལ་ཐོན་གྲབས་ཡོད་པའི་དྲོ་སོབ་སོབ་ཀྱི་མེ་འཁོར་ཞིག་གིས་འགྲུལ་པ་ཚོ་བསྒུགས་ནས་ཡོད།

(ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་བསྟན་བཟང་གིས་ཞུས)