ཐེབས་རྩའི་གཏོང་སྤྲོད་དུས་ཡུན་ལས་ཀའི་ཉིན་གྲངས་20ལས་མི་བརྒལ་བ་བྱ་རྒྱུ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་19ཉིན། 11:41】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། སྨན་བཅོས་འགན་བཅོལ་ཐེབས་རྩའི་མཇུག་རྩིས་སྲིད་ཇུས་སྔར་བས་ལེགས་སུ་གཏོང་བ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་མཇུག་རྩིས་དང་ཞིབ་རྩིས་ཀྱི་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས《གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་དུས་ཐོག་མཇུག་རྩིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། བརྡ་ཐོའི་ནང་བཏོན་པའི་མཇུག་རྩིས་ཀྱི་དུས་བཅད་གཞིར་བཟུང་། ཕྱིས་སུ་དམིགས་བཙུགས་སྨན་རྫས་སྒྲིག་གཞིས་རེ་ཞུ་བྱས་ཉིན་གྱི་ཉིན་གཉིས་པ་ནས་སྨན་བཅོས་འགན་བཅོལ་ཐེབས་རྩས་གཏོང་སྤྲོད་དུས་ཡུན་དེ་ལས་ཀའི་དུས་ཚོད་ཉིན་20ལས་མི་བརྒལ་བ་བྱ་རྒྱུ་ཡིན་པས། དེ་སྔ་དང་བསྡུར་ན་ལས་ཀའི་དུས་ཚོད་ཉིན་10ཐུང་དུ་འགྲོ་རྒྱུ་རེད། དུས་མཚུངས་སུ་བརྡ་ཐོའི་ནང་ཐེབས་རྩའི་སྔོན་སྤྲོད་དང་དུས་ཐོག་མཇུག་རྩིས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཐེབས་རྩས་སྔོན་སྤྲོད་བྱས་ནས་སྨན་རྫས་སྒྲིག་གཞིའི་དངུལ་སྨར་གྱི་སྤྱིའི་གྲངས་འབོར་མང་དུ་གཏོང་དགོས་པ་མ་ཟད། དུས་ཐོག་མཇུག་རྩིས་བརྒྱབ་ནས་སྨན་རྫས་སྒྲིག་གཞིར་དངུལ་སྨར་འབྱོར་ཚད་ཀྱང་མགྱོགས་སུ་གཏོང་དགོས་པ་ཁ་གསལ་བསྟན་ཡོད།
བརྡ་ཐོའི་ནང་། 2025ལོར་རྒྱལ་ཡོངས་ཀྱི་སྤྱི་འདོམས་ས་ཁུལ་80%ཙམ་ལ་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ་དང་དམིགས་བཙུགས་སྨན་རྫས་སྒྲིག་གཞིའི་དུས་ཐོག་མཇུག་རྩིས་སྤྱིའི་ཆ་ནས་མངོན་འགྱུར་བྱེད་དགོས་པ་དང་། 2026ལོར་རྒྱལ་ཡོངས་ཀྱི་སྤྱི་འདོམས་ས་ཁུལ་ཚང་མར་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ་དང་དམིགས་བཙུགས་སྨན་རྫས་སྒྲིག་གཞིའི་དུས་ཐོག་མཇུག་རྩིས་རྒྱག་ཐུབ་རྒྱུ་མངོན་འགྱུར་བྱེད་དགོས་པ་ཁ་གསལ་བསྟན་ཡོད།