འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་17ཉིན།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

༄༅།།ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་འགའ་ཞིག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་17ཉིན། 10:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་2པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་འགའ་ཞིག》ཞེས་པ་བཀོད་ཡོད།

     རྩོམ་ཡིག་ནང་ནན་བཤད་བྱས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་། བརྒྱུད་རིམ་ལྡན་པའི་ངང་སྤྱི་ཡོངས་ལ་ཇུས་འགོད་བྱས་ནས་སྒྱུར་བཅོས་ཀྱི་རྒྱང་ལམ་གསར་པར་སྐུལ་འདེད་བཏང་སྟེ། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་གཏོད་འགོ་ཚུགས་པར་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་ལག་ལེན་གྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཅས་གལ་ཆེན་ཐོབ་པ་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་ཀྱི་ཆེས་མཛེས་སྡུག་ལྡན་པའི་ལེའུ་ཞིག་ཡིན་པ་དེས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་།“ངོ་མཚར་གཉིས”རྒྱུན་མཐུད་གཏོད་པར་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་ལེན་ཤུགས་ཆེན་བྱས་ལ། རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་རྨང་གཞི་བརྟན་པོ་དང་ཉམས་མྱོང་རྩ་ཆེན་མཁོ་འདོན་བྱས་ཡོད།

     རྩོམ་ཡིག་ནང་བསྟན་དོན། ཚན་རིག་དང་མཐུན་པའི་བྱ་ཐབས་ཀྱིས་སྒྱུར་བཅོས་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། སྒྱུར་བཅོས་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ཕྱོགས་གང་ས་ཅི་ཐད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ལ། ཚན་རིག་དང་མཐུན་པའི་བྱ་ཐབས་འདོན་པར་ཡང་དོ་སྣང་བྱེད་དགོས་པ་སྟེ། གཅིག་ནས་སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་མཐུན་ཡོང་བ་མཐའ་འཁྱོངས་བྱེད་དགོས་ཤིང་། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་སྐྱོང་ནུས་པའི་བར་མཐོངས་སྔར་བས་རྒྱ་བསྐྱེད་དེ། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱོད་མཁས་པོས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཁྲིམས་ལུགས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་གཏོར་འཛུགས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས་ཤིང་། སྒྱུར་བཅོས་ནི་རྙིང་གཏོར་གསར་འཛུགས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། གཏོར་བ་ནི་བྱ་ཐབས་དང་། འཛུགས་པ་ནི་དམིགས་ཡུལ་ཡིན། ལམ་ལུགས་འཛུགས་སྐྱོང་མཐའ་འཁྱོངས་བྱ་རྒྱུ་གཙོ་རྐང་དུ་བྱས་ནས་གཏོར་འཛུགས་གལ་ཆེ་མཉམ་འཛིན་དང་། སྔོན་འཛུགས་རྗེས་གཏོར་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། གཏོར་འཛུགས་གཅིག་གྱུར་ཁྲོད་སྒྱུར་བཅོས་མགྱོགས་ལ་བརྟན་པོ་ཡོང་བར་བྱེད་དགོས། གསུམ་ནས་སྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས་ཤིང་། ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་བཏང་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་མཐོར་གཏོང་གི་འཐབ་ཇུས་ལག་ལེན་བསྟར་དགོས། བཞི་ནས་བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། སྒྱུར་བཅོས་ཀྱི་ཇུས་གཞི་འགོད་པར་ངེས་པར་དུ་ཕྱི་རོལ་གྱི་ཆོས་ཉིད་ཁོང་དུ་ཆུད་པའི་ཐོག་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་མཐུན་སྦྱོར་དང་ཆ་ལག་ཚང་བ་ཡོང་བར་དོ་སྣང་བྱས་ནས་སྒྱུར་བཅོས་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ཆེ་རུ་གཏོང་དགོས། འགན་འཁྲི་ཁ་གསལ་བ་དང་། འཁོར་འབྲེལ་ཆ་ཚང་བ། གཅིག་ལ་གཅིག་འབྲེལ་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཡིག་ཆ་བཟོ་བ་གལ་ཆེར་བཟུང་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་སྣང་ཆུང་བྱེད་པ་སོགས་ཀྱི་སྣང་ཚུལ་བཀག་འགོག་གིས་དོན་འཁྱོལ་མཐར་ཕྱིན་མ་བྱུང་བ་དང་ལས་ཀ་མཐའ་མ་འཁྱོལ་བ་སོགས་ཀྱི་སྣང་ཚུལ་མི་ཐོན་པ་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་འགག་སྒྲོལ་དཀའ་སེལ་དང་། དཀའ་ངལ་སྔུན་བསུས་མདུན་དུ་སྐྱོད་པའི་ཆབ་སྲིད་ཀྱི་བློ་སྤོབས་ལ་བརྟེན་ནས་འགལ་ཟླ་དང་གནད་དོན་ལ་མི་གཡོལ་བ་དང་། རྙོག་འགལ་ཆེ་བའི་གནད་དོན་སེལ་བར་ཐེ་ཚོམ་མེད་པ། ཉེན་ཁ་དང་འགྲན་སློང་མདུན་དུ་ཕྱིར་བཤོལ་མི་བྱེད་པ་བཅས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ཧུར་ཐག་གཏོད་དགོས་པ་བཅས་འཁོད་ཡོད།

    རྩོམ་ཡིག་ནང་བསྟན་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་རྣམ་པ་བཟང་པོ་གཏོད་དགོས། ཐུན་མོང་གི་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་བྱེད་པ་ནི་སྒྱུར་བཅོས་ལ་སྐུལ་འདེད་བདེ་བླག་གཏོང་བར་ཧ་ཅང་གལ་འགངས་ཆེ། ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ཀྱི་དགོངས་དོན་ལ་གོ་བ་ཡང་དག་ལེན་པ་དང་གསེད་བཀྲོལ་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་སྒྱུར་བཅོས་ལ་མཉམ་དུ་དམ་འཛིན་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། སྒྱུར་བཅོས་ཀྱི་སྔོན་དཔག་ལ་ཁྲིད་སྟོན་ལུགས་མཐུན་བྱས་ཏེ། སྒྱུར་བཅོས་ཁྲོད་ཀྱི་ཁེ་ཕན་འབྲེལ་བར་ལེགས་སྒྲིག་དང་མི་སྒེར་གྱི་ཁེ་ཕན་ཐོབ་ཤོར་ལ་འཛིན་པའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྟངས་ལ་ཁྲིད་སྟོན་བྱེད་དགོས། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གྲུབ་འབྲས་དང་ཕན་འབྲས་དངོས་དང་། མི་དམངས་མང་ཚོགས་བློ་ཡིད་ཚིམ་ཚད་ཐོག་ནས་སྒྱུར་བཅོས་ལ་ཞིབ་དཔྱད་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་ཕྱོགས་སྟོན་ལ་སྟངས་འཛིན་བྱས་ནས་གླེང་ཕྱོགས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།