གསར་འགོད་པས་ཁྲུང་ཆིང་དུ་འཐབ་ས་དང་པོའི་མི་སྣར་བཅར་འདྲི་བྱས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་17ཉིན། 10:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཅིན་རན།
ཁྲུང་ཆིང་ལྕགས་ལམ་དོས་སྒམ་ལྟེ་བའི་ས་ཚིགས་ཀྱི་གློག་སྒྲོན་ལྷག་པར་གསལ་ཞིང་། འཐབ་ས་དང་པོའི་མི་སྣས་མཚན་གང་བརྟན་སྲུང་བྱེད་བཞིན་འདུག
ཟླ་1ཚེས་13ཉིན་གྱི་ཐོ་རེངས་ཆུ་ཚོད་1ཙམ་ལ། ཤིང་ཆ་བླུགས་ནས་ཀྲུང་གོར་ལོག་ཡོང་བའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་དུང་སྒྲ་གྲགས་ནས་ལྟེ་བའི་ས་ཚིགས་སུ་འབྱོར། མེ་འཁོར་བཀོད་གཏོང་དཔོན་ལེ་པའེ་ལིན་ལ་བཀའ་བརྡ་འབྱོར་རྗེས་འཕྲལ་མར་ཟོག་འདྲེན་ལམ་ཐིག་ཏུ་ཡོང་ནས་ལས་ཀའི་གྲ་སྒྲིག་བྱས།
ཁྲུང་ཆིང་ལྕགས་ལམ་དོས་སྒམ་ལྟེ་བའི་ས་ཚིགས་ནི་ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པ་ཆུས་ཐོན་ཅེ་གྲོང་ཚོར་གནས་པ་དང་། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་བབས་ཚུགས་གལ་ཆེན་ཞིག་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོན་འགོ་དང་ཕྱིར་ལོག་གི་བབས་ཚུགས་ཤིག་རེད་ལ། ཁྲུང་ཆིང་གི“ཕྱོགས་བཞི་མཉམ་སྐྱོད”ཀྱི་ཟོག་འགྲེམས་ལྟེ་གནས་ཤིག་ཀྱང་རེད།
2024ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདི་གར་རྟོག་ཞིབ་གནང་སྐབས། “ཚང་མ་ཟོག་འགྲེམས་ཀྱི་འཐབ་ས་དང་པོར་ཡོད་ལ་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ས་དང་པོར་ཡང་ཡོད། ཁྱེད་ཚོའི་དཀའ་སྤྱད་ངལ་རྩོལ་ལས་ཚོང་ཟོག་མང་པོ་ཞིག་རི་མཚོ་བརྒལ་ནས་འཛམ་གླིང་ཡུལ་གྲུ་གཞན་ལ་བཏང་བས། ཁྱེད་ཚོའི་ལས་ཀར་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་གསུངས་པ་རེད། 2024ལོའི་ལོ་མཇུག་ཏུ་འདི་ནས་ཐོན་པའི་དུས་གཏན་མེ་འཁོར་ཐེངསX8083བདེ་བླག་ངང་འཇར་མན་ཏུའུ་དབྱི་སི་པའོ་རུ་འབྱོར་བ་དེ་ཐོག་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་ཁྲི་10ལྷག་ཙམ་བཏང་བ་མཚོན་པ་དང་། བསྐུར་བའི་དངོས་ཟོག་གི་རིན་ཐང་ཨ་སྒོར་དུང་ཕྱུར་4200ལྷག་ཙམ་ཟིན་ཡོད།
ལེ་པའེ་ལིན་གྱིས། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས་རླངས་འཁོར་ཧ་ཅང་མང་པོ་ཡོད། ང་ཚོས་ངེས་པར་དུ་ལས་སྒྲུབ་མགྱོགས་ཙམ་བྱེད་དགོས་ཀྱི་ཡོད། དུས་གཏན་མེ་འཁོར་ཉིན་མཚན་དབྱེར་མེད་དུ་བབས་ཚུགས་སུ་སླེབས་པ་དང་དེ་ནས་ཐོན་གྱི་ཡོད། ང་ཚོས་ལས་རེས་ཁག་བཞི་ལ་བགོས་ནས་ལས་ཀ་རེས་མོས་བྱེད་ཀྱི་ཡོད་ཅེས་བཤད།
ལིའུ་ཏའེ་ཕེང་གིས“ལྗིད་ཐེག་རླངས་འཁོར་ཚང་མ་ས་ཚིགས་ཀྱི་སྒོ་འཛུལ་བ་ནས་བཟུང་དོས་སྒམ་སོ་སོ་ངོས་འཛིན་དང་དེ་འཇོག་ས་བཀོད་སྒྲིག་སོགས་བརྒྱུད་རིམ་ཧྲིལ་པོར་ཆ་འཕྲིན་ཅན་གྱི་རྗེས་སྙེག་ཐུབ་ཀྱི་ཡོད། ཆ་འཕྲིན་མ་ལག་གི་བཀོད་གཏོང་འོག་ལྗིད་ཐེག་རླངས་འཁོར་ས་ཚིགས་སུ་ཆ་སྙོམས་སྐར་མ་18ལས་སྡོད་དགོས་མེད”ཅེས་བཤད།
ཕྱོགས་མང་གིས་མཉམ་ཤུགས་བཏོན་ནས་ཟོག་འགྲེམས་ཀྱི་ལས་ཆོད་ཆེ་རུ་བཏང་བ་དང་ཕྱོགས་བསྡུས་མ་གནས་རྒྱུན་ཆད་མེད་པར་ཆུང་དུ་བཏང་ཞིང་། ཕྱི་དྲོའི་ཆུ་ཚོད་4པར་རླངས་འཁོར་གྱི་ཆ་སྒྲིག་ལྷུ་ལག་ཏུན་368ཡོད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་ཐོན་ཅེ་གྲོང་ཚོའི་བབས་ཚུགས་ནས་ཐོན་པ་དང་ཉིན་10ལྷག་ཙམ་གྱི་རྗེས་སུ་དུས་གཏན་མེ་འཁོར་དེ་ཡོ་རོབ་ཏུ་འབྱོར་གྱི་ཡོད།
“དུས་གཏན་མེ་འཁོར་ལ་ལྕགས་ལམ་གྱི་འགག་སྒོ་མྱུར་སྒྲོལ་གྱི་ལས་སྒོའི་རྣམ་པ་སྤྱད་དེ་ཟོག་འགྲེམས་ཀྱི་གྲངས་གཞི་ཕན་ཚུན་སྤྲོད་པ་དང་ལས་སྒྲུབ་ལྷུ་ཚིགས་མཉམ་སྤྱོད་བྱེད་ཀྱི་ཡོད་པས། འགག་སྒོ་ལས་ཁུངས་ཀྱིས་མེ་འཁོར་ཐོག་གི་དངོས་ཟོག་ལ་ཐད་ཀར་ལྟ་འདོམས་བྱེད་ཆོག་པ་དང་ཁེ་ལས་ཀྱིས་འགག་སྒོ་སྒྱུར་བའི་འགྲོ་ལུགས་ལོགས་སུ་གཉེར་དགོས་ཀྱི་མེད” ཁྲུང་ཆིང་འགག་སྒོའི་ཁོངས་གཏོགས་ཡུས་ཀྲོའུ་འགག་སྒོའི་ལྟ་འདོམས་ཁོའོ་ཡི་ཁོའོ་ཡོན་ལིའུ་ཧྲུའུ་ཝུའེ་ཡིས“བྱེད་ཐབས་དེས་ཆ་སྙོམས་འགག་སྒྲོལ་ཆུ་ཚོད་24ཐུང་དུ་དང་དུས་གཏན་མེ་འཁོར་ཧྲིལ་པོའི་འཁོར་སྐྱོད་དུས་ཚོད་ཉིན་1ནས་2བར་ཐུང་དུ་ཕྱིན་ནས། སྒམ་རེར་འགྲོ་གྲོན་སྒོར་200ཡན་གྲོན་ཆུང་ཐུབ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
ལོ་10ཡི་གོང་། ཁྲུང་ཆིང་ནས་ཐོན་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ནང་མང་ཆེ་བ་ལག་འཁྱེར་གློག་ཀླད་ཡིན་པ་དང་། ད་ཆ“ཐོན་རྫས་དཔེ་གསར་གསུམ”སོགས་ཚོང་དོན་ཐོན་རྫས་ཁྲི་5ལྷག་ཙམ་གྱིས་བགྲོད་ལམ་གསར་པའི་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དེ་ནུབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ནུས་ཆེན་པོ་དང་ཁ་འབྲལ་ཐབས་མེད།