གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་16ཉིན། 14:28】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་15ཉིན་གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བློས་འགེལ་མི་ཐུབ་པའི་དངོས་ཚན་གསལ་ཐོའི་ལས་དོན་ལམ་སྲོལ་གྱིས་ཉིན་དེར་སྤྱི་བསྒྲགས་སྤེལ་ནས་ཨ་རིའི་དངོས་ཚན་4བློས་འགེལ་མི་ཐུབ་པའི་དངོས་ཚན་གསལ་ཐོའི་ནང་འཇུག་རྒྱུའི་གཏན་འབེབས་བྱས་པ་རེད།
ཨ་རིའི་དངོས་ཚན་4ནི་ཐའེ་ཝན་ས་ཁུལ་ལ་དམག་དོན་མཚོན་ཆ་ཕྱིར་འཚོང་བྱེད་པའི་ནང་ཞུགས་པའི་ཞི་བདེ་རྒྱ་མཚོ་ཆེན་པོའི་མཐའ་འཁོར་འགོག་སྲུང་ཀུང་སི་དང་། AEVEXའཇིག་རྟེན་འཕུར་སྐྱོད་ཀུང་སི། LKDའཇིག་རྟེན་འཕུར་སྐྱོད་ཀུང་སི། ཏིང་ཧྥེང་ཚན་རྩལ་ཀུང་སི་བཅས་རེད།
སྤྱི་བསྒྲགས་ནང་གོང་གི་ཨ་རིའི་དངོས་ཚན་ལ་གཤམ་གསལ་གྱི་ཐག་གཅོད་བྱེད་ཐབས་སྤྱོད་རྒྱུའི་གཏན་འབེབས་བྱས་པ་སྟེ། གཅིག གོང་གི་ཁེ་ལས་ཀྱིས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཕྱིར་གཏོང་ནང་འདྲེན་གྱི་བྱེད་སྒོ་སྤེལ་མི་ཆོག གཉིས། གོང་གི་ཁེ་ལས་ཀྱིས་ཀྲུང་གོའི་མངའ་ཁོངས་སུ་གསར་དུ་མ་འཇོག་བྱས་མི་ཆོག གསུམ། གོང་གི་ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣ་རྒྱལ་ཁོངས་སུ་ཡོང་མི་ཆོག བཞི། གོང་གི་ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣའི་ཀྲུང་གོའི་མངའ་ཁོངས་སུ་ལས་ཀ་བྱེད་པའི་ཆོག་འཐུས་དང་། དུས་ཐུང་སྡོད་པའམ་ཡང་ན་གནས་སྡོད་བྱེད་པའི་ཐོབ་ཐང་ལ་ཆོག་མཆན་མི་སྤྲོད་པར་མ་ཟད་མེད་པར་བཟོ་དགོས།