གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་16ཉིན། 13:32】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་དང་པོའི་ཚེས་15ཉིན་གྱི་དགོང་མོར་ཁ་ཐར་དང་། ཨེ་ཅིབ། ཨ་རི་བཅས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)བར་ཀཱ་ཟ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུ་དང་། བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱ་རྒྱུའི་ཐད་གྲོས་མཐུན་བཞག་པ་ཁྱབ་བསྒྲགས་བྱས་པ་རེད། གསལ་བསྒྲགས་ནང་གྲོས་མཐུན་དེའི་དམིགས་ཡུལ་ནི་ཀཱ་ཟ་ས་ཁུལ་དུ་ཡུན་རིང་དམག་མཚམས་འཇོག་རྒྱུ་དང་ཞི་བདེ་སླར་གསོ་བྱ་རྒྱུ་དེ་རེད།
གསལ་བསྒྲགས་ནང་གྲོས་མཐུན་དེ་2025ལོའི་ཟླ་དང་པོའི་ཚེས་19ཉིན་ནུས་པ་ཐོན་རྒྱུ་ཡིན་ཞིང་། དུས་མཚམས་གསུམ་དུ་བགོས་ནས་ལག་བསྟར་བྱ་རྒྱུ་ཡིན་པའང་འཁོད་ཡོད་པ་རེད། དུས་མཚམས་དུས་ཡུན་དང་པོ་ཉིན་42ཡིན་པ་དང་ཕྱོགས་གཉིས་པོས་དམག་མཚམས་འཇོག་རྒྱུ་མ་ཟད། བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་ཀྱང་བྱ་རྒྱུ་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་ཀཱ་ཟའི་མི་འབོར་མང་བའི་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་། ཀཱ་ཟའི་ཡུལ་གྱར་དམངས་ཚོགས་ཀཱ་ཟའི་བྱང་རྒྱུད་ཀྱི་ཁྱིམ་གཞིར་ཕྱིར་ལོག་བྱས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་དེ་བས་མང་བ་ཀཱ་ཟ་ས་ཁུལ་དུ་འབྱོར་རྒྱུ་རེད།