གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་16ཉིན། 10:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས། ཁོ་སི་ཐ་ཡིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་པར་སླར་ཡང་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དང་འཛིན་སྐྱོང་སྤེལ་གསུམ་གྱི་མཚམས་ཚིགས་གལ་ཆེན་ཞིག་རེད། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ལས་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པ་དང་། ལྟ་སྟངས་འདྲ་མཉམ་འཛིན་པ། ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་བཅས་བྱས་ཚེ་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་པ་དང་དོན་ཆེན་སྒྲུབ་ཐུབ་པ་གསལ་བཤད་བྱུང་ཡོད། བློ་སེམས་གཅིག་མཐུན་བྱེད་མཁན་ནི་རོགས་ཟླ་རེད་ལ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་མཁན་ཡང་རོགས་ཟླ་རེད། འགག་རྩ་ནི་རང་རང་སོ་སོའི་མི་དམངས་ཀྱིས་བདམས་པའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱེད་མིན་ལ་ཐུག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ནི་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྣེ་མོ་གལ་ཆེན་ཞིག་ཡིན་པ་ཐོག་མཐའ་བར་གསུམ་དུ་ངོས་འཛིན་བྱས་ཏེ། ཡོ་རོབ་གཞི་གཅིག་ཅན་དང་ཡོ་རོབ་མནའ་འབྲེལ་གྱི་འཐབ་ཇུས་རང་ཚུགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། དེའི་ཁྲོད་ནས་བློ་སྒོ་གལ་ཆེན་འབྱེད་རིགས་བསྡུ་ལེན་བྱེད་པ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱེད་པ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ལེགས་ཕྱོགས་དང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་སྐྲུན་དགོས་པ་དང་གཡོ་འགུལ་ཆེ་ཞིང་ལྷིང་འཇགས་མེད་པའི་རྒྱལ་སྤྱིའི་དུས་བབ་ལ་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་དེ་བས་མང་པོ་སྣོན་དགོས་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་དབར་རྩ་བའི་ཁེ་གྱོང་གི་རྩོད་གཞི་མེད་ལ་ས་འབྲེལ་ཆབ་སྲིད་ཐད་ཀྱི་འགལ་ཟླ་ཡང་མེད་པར། ཕན་ཚུན་གཅིག་ཕན་གཅིག་རོགས་ཀྱི་རོགས་ཟླ་ཡིན། ལོ་50ཡི་རིང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བས་རང་རང་སོ་སོའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་མ་ཟད། འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། རྒྱལ་སྤྱིའི་དུས་བབ་ཇི་ཙམ་ཛ་དྲག་དང་རྙོག་འཛིང་ཆེ་ནའང་། ཀྲུང་གོ་དང་ཡོ་རོབ་ཀྱིས་དེ་ཙམ་གྱིས་ཕྱི་འབྲེལ་འཛུགས་རྒྱུའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བཅས་བྱེད་དགོས། ཀྲུང་གོས་ཡོ་རོབ་མནའ་འབྲེལ་ལ་ཡིད་ཆེས་ཡོད། སླད་ཕྱིན་ཡོ་རོབ་མནའ་འབྲེལ་ཡང་ཀྲུང་གོ་ཕྱོགས་ཀྱིས་ཡིད་ཆེས་བྱེད་ཆོག་པའི་མཉམ་ལས་རོགས་ཟླར་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་ལེགས་ཆ་གསབ་རེས་དང་གཉིས་ཕན་མཉམ་ཁེ་ཡོང་བར་བྱེད་དགོས། ཕྱོགས་གཉིས་ཀ་ནི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་པས། དཔལ་འབྱོར་མཉམ་གནས་ཀྱི་འབྲེལ་བ་ཆེན་པོ་ཞིག་ཆགས་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ལ་གོ་སྐབས་གསར་པ་གཏོད་རྒྱུ་ཡིན། ཀྲུང་གོ་དང་ཡོ་རོབ་ཀྱིས་ཕན་ཚུན་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ད་ཡོད་ཀྱི་མཉམ་ལས་ལམ་སྲོལ་སྲ་བརྟན་དུ་བཏང་ནས་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་དགོས། ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་གཉེར་ཏེ། མི་ཆོས་རིག་གནས་སྤེལ་རེས་དང་མི་སྣ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དམངས་ཚོགས་ཕྱོགས་གཉིས་སུ་བསྐྱོད་རྒྱུར་སྐུལ་མ་གཏོང་བ། ས་གནས་ཀྱི་འགྲོ་འོང་དང་སློབ་གསོའི་མཉམ་ལས་ལ་རྒྱབ་སྐྱོར་བཅས་བྱས་ནས། ཀྲུང་གོ་དང་ཡོ་རོབ་དབར་གྱི་མཛའ་གྲོགས་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཁོ་སི་ཐ་ཡིས། 2025ལོ་ནི་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་ལོ་འཁོར་གལ་ཆེན་ཞིག་རེད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུ་བ་དང་། སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་དེ་བས་ལེགས་པའི་འབྱུང་འགྱུར་གཏོད་འདོད་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་དཔལ་འབྱོར་ཚོང་དོན་གྱི་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད། ཡོ་རོབ་དང་ཀྲུང་གོ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་ལ་བརྩི་འཇོག་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས། རང་མོས་ཚོང་དོན་ལ་སྲུང་སྐྱོང་། དཔུང་ཁག་གི་འགྲན་རྒོལ་ལ་ངོ་རྒོལ་བཅས་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མཉམ་ལས་བྱེད་པ་ལས་འགྲན་རྩོད་བྱེད་མི་ཉན། དེང་གི་དུས་སུ་འགྲན་སློང་གིས་ཁེངས་ཡོད། དེས་ན་འཛམ་གླིང་གི་ངོས་ནས་བརྗོད་ན་ཡོ་རོབ་དང་ཀྲུང་གོས་མཉམ་ལས་སྔར་བས་དམ་ཟབ་བྱས་ཏེ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་ཆེད་ཐུན་མོང་ཐོག་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།
ཕྱོགས་གཉིས་པོས་ད་དུང་ཡུག་རེན་སོགས་ཀྱི་གནད་དོན་ཐད་དགོངས་ཚུལ་བརྗེ་རེས་གནང་བ་དང་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་བར་འདུམ་མཐུན་འཇུག་གི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་རེད།