གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་15ཉིན། 15:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཚེས་13ཉིན། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བཟའ་བཅའ་དང་ཞིང་ལས་པུའུ་ཡིས། ཉིན་ཤས་གོང་། པེར་ལིན་གྱི་གྲོང་འདབས་སུ་བ་གླང་འཇམ་ནད་ཕོག་པ་ཤེས་རྟོགས་བྱུང་བས། རྒྱལ་ཁབ་དེར་ཡོ་རོབ་མནའ་འབྲེལ་ཕུད་པའི་རྒྱལ་ཁབ་དང་ས་ཁུལ་ལ་ཤ་རིགས་དང་འོ་མའི་ཐོན་རྫས་ཕྱིར་གཏོང་བྱེད་པར་ཚོད་འཛིན་ནན་པོ་འཕྲད་ལུགས་བཤད་པ་རེད། ཁོ་རེ་ཡ་ལྷོ་མ་དང་མོ་ཞི་ཁོ་སོགས་རྒྱལ་ཁབ་ཀྱིས་འཇར་མན་ནས་འབྲེལ་ཡོད་ཤ་རིགས་ཐོན་རྫས་ནང་འདྲེན་བྱེད་མཚམས་འཇོག་རྒྱུ་ཡིན་ཚུལ་བསྟན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་འཇར་མན་གྱིས་ཉེ་བའི་ལོ་40ཡི་རིང་སྲོག་ཆགས་ཀྱི་འཇམ་ནད་ནད་དཔེ་ཐོག་མར་ཤེས་རྟོགས་བྱུང་བ་ཞིག་ཡིན་པ་རེད། ཉེ་ལམ་འབྲེལ་ཡོད་སྡེ་ཁག་གིས་རིམས་ནད་དང་འབྲེལ་བ་ཡོད་པའི་ཞིང་ར་དང་ཉེ་འགྲམ་ཞིང་རར་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་མང་པོ་སྤྱད་དེ་རིམས་ནད་བཀག་འགོག་བྱེད་ཀྱི་ཡོད་པ་རེད།