གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་15ཉིན། 10:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཀེ་རེན་ན་ཏའི་ཙུང་ལི་སྨི་ཆེ་ཨེར་དང་མཇལ་འཛོམས་གནང་བ་རེད།
སྨི་ཆེ་ཨེར་གྱིས་བོད་ལྗོངས་དིང་རིར་ས་ཡོམ་བརྒྱབ་པར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་དེའི་ཐད་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ད་ཐེངས་ཀྱི་ས་ཡོམ་ནི་ཀྲུང་གོའི་ལྷོ་ནུབ་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་བརྒྱབ་པ་དང་ཀྲུང་གོ་ཕྱོགས་ཀྱིས་མགྱོགས་མྱུར་རོགས་སྐྱོབ་དང་གནས་སྐབས་བཀོད་སྒྲིག་བྱས་པ་མ་ཟད་འཕྲལ་དུ་བསྐྱར་སྐྲུན་ཡང་བྱ་རྒྱུ་ཡིན་པས། ཀྲུང་གོ་སྲིད་གཞུང་ལ་ཡོམ་འགོག་གེགས་སེལ་གྱི་རྒྱལ་ཁ་ཐོབ་པའི་གདེང་ཚོད་ཡོད་ལ་ནུས་པའང་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཀེ་རེན་ན་ཏའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ནས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། མི་དམངས་ཀྱི་མཛའ་གྲོགས་ཉིན་བཞིན་ཟབ་ཏུ་ཕྱིན་པ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ཀེ་རེན་ན་ཏ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཀེ་རེན་ན་ཏའི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་བཏང་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཀེའི་འབྲེལ་བར་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་ཀེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་20ཚུན་གྱི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། ཀྲུང་ཀེའི་འབྲེལ་བ་ཡུན་རིང་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་ཆེད་འཆར་གཞི་གསར་པ་འདིང་དགོས། ཀེ་རེན་ན་ཏ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་རང་བརྟེན་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་་ཡིན་ལ། ཀེ་རེན་ན་ཏ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་ཁག་གི་མཛའ་གྲོགས་འགྲོ་འོང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀེ་རེན་ན་ཏ་ཚུད་པའི་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་རྒྱུ་ཡིན་པས་ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་ཀེ་རེན་ན་ཏའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་ནུས་རྒྱུ་གསར་པ་དང་། ལྗང་མདོག་ཐཱན་ཉུང་། གྲངས་འཛིན་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་འདོད་ཡོད། ཀེ་རེན་ན་ཏ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་གླིང་ཕྲན་ཆུང་བའི་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་ཀྱི་དོ་ཁུར་དང་རེ་འདུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་ཆེན་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་མི་སྣ་འགྲོ་འོང་དམ་ཟབ་དང་། རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་སེམས་གཅིག་མཐུན་ཡོང་བར་སྔར་བས་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་ནས་ཀེ་རེན་ན་ཏ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེལ་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱས་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་བཅས་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཅ་ལེ་པིའི་རྒྱལ་ཁབ་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ས་ཁུལ་དེའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་ནས་ཕྱོགས་གཉིས་པོའི་ཁྱོན་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
སྨི་ཆེ་ཨེར་གྱིས། 2024ལོའི་ཟླ་7པར་རྒྱ་མཚོའི་རླུང་འཚུབ་ཧ་ཅང་ཆེན་པོ་བྱུང་རྗེས་ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་འདས་ཟིན་པའི་ལོ་20ཡི་རིང་ཀེ་ཀྲུང་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཀེ་རེན་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུ་བཞིན་ཡོད་ལ་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་དགོས་ངེས་རེད། ཀེ་རེན་ན་ཏ་ཕྱོགས་ལ་ཀེ་ཀྲུང་འབྲེལ་བ་ལས་ཕན་པ་དུ་མ་ཐོབ་པ་དང་ཀྲུང་གོ་དང་མཉམ་ལས་རྒྱུན་ཆད་མེད་པར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔེ་མཚོན་བཏོད་ཡོད། ཀེ་རེན་ན་ཏ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སློབ་སྦྱོང་བྱེད་འདོད་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྣེ་ཁྲིད་པ་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ། རྒྱལ་སྤྱིའི་ལས་དོན་ཁྲོད་གཏམ་བརྗོད་གཅིག་མཐུན་བཅས་ཡིན་པས་དེ་བས་ཆེ་བའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀེ་རེན་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ཀྱིས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་ཡག་པོ་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།