གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་13ཉིན། 15:39】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་12ཉིན། ཁ་ན་ཏའི་ཕྱི་འབྲེལ་པུའུ་ཀྲང་ཆའོ་ལི་ཡིས་བརྙན་འཕྲིན་ལེ་ཚན་ནང་ངོ་རྒོལ་བྱེད་ཐབས་གང་རུང་སྤྱད་དེ་ཨ་རིའི་བདམས་ཐོན་བྱུང་བའི་ཙུང་ཐུང་ཐེ་རོན་ཕུ་ཡི་སྒོ་ཁྲལ་འཇིགས་སྐུལ་ལ་ཁ་གཏད་གཅོག་སྲིད་ཅེས་བཤད། ཆའོ་ལི་ཡིས་བྱེད་ཐབས་ཚང་མར་བསམ་གཞིག་བྱས་ཆོག་པ་དང་། ཨ་རིར་ནུས་ཁུངས་ཕྱིར་གཏོང་བྱ་རྒྱུ་མཚམས་འཇོག་ཀྱང་བྱ་སྲིད་ཅེས་བཤད་པ་རེད།
དེ་གོང་། ཨ་རིའི་བདམས་ཐོན་བྱུང་བའི་ཙུང་ཐུང་ཐེ་རོན་ཕུ་ཡིས། ཁོ་རང་ཕོ་བྲང་དཀར་པོར་ལོག་ཚེ་ཁ་ན་ཏ་ནས་ནང་འདྲེན་བྱས་པའི་ཐོན་རྫས་ཚང་མར་སྒོ་ཁྲལ་25%བསྡུ་རྒྱུ་ཡིན་ཞེས་བཤད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཁ་ན་ཏའི་དཔོན་རིགས་ཀྱིས་ཨ་རིའི་ཐོན་རྫས་ཀྱི་གསལ་ཐོ་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་པ་དེའི་ནང་ངར་ལྕགས་དང་། རྫ་ཆས། ཧྥོ་ལུའོ་ལི་ཏའི་ཚ་ལུ་མའི་ཁུ་བ་བཅས་ཚུད་ཡོད་པ་དང་། ཐོན་རྫས་དེ་དག་འཁོན་ལན་སློག་པའི་རང་བཞིན་གྱི་སྒོ་ཁྲལ་ལག་བསྟར་བྱ་ཡུལ་དུ་འགྱུར་སྲིད་ཅེས་བཤད་པ་རེད།