འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་13ཉིན།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡི་ཚོགས་འདུ་གཙོ་སྐྱོང་གནང་སྟེ།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་
གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་13ཉིན། 10:08】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྔར་བས་སྐུལ་འདེད་གཏོང་བའི་སྐོར་ལ་བཀོད་སྒྲིག་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། རུལ་རྒོལ་འཐབ་རྩོད་ཀྱི་གཞི་རྩའི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་དང་མིག་སྔའི་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ནས། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་པའི་སྐོར་ལ་བླང་བྱ་ཁ་གསལ་བཏོན་གནང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་བྱེད་པའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་རྒོལ་འཐབ་རྩོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གི་ཏང་ཙུའུ(ཏང་ཨུད)ཡིས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ཆབ་སྲིད་ཀྱི་རང་རྟོགས་སྔར་བས་ཆེ་རུ་བཏང་སྟེ“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཁྲོད་ནས་མངོན་པར་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གི་ཏང་ཙུའུ(ཏང་ཨུད)ཡིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཁར། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་ལ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། ལོ་གསར་པའི་ནང་། རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆོད་སེམས་དང་གདེང་ཚོད་བརྟན་དུ་བཏང་སྟེ་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་སྔར་བས་གཏིང་ཟབ་ཕྱོགས་སུ་འདྲེན་དགོས། སྤྱོད་བཟང་སྒྲིག་ནན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བརྟན་དུ་དང་གཏིང་ཟབ་ཏུ་བཏང་ནས“སྤྱོད་ཚུལ་བཞི”ཡོ་བསྲང་རྒྱུན་མཐུད་བྱེད་དགོས། རུལ་རྒོལ་གཙང་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་དང་། རྒྱུ་དབང་བརྗེ་ཚོང་། ཁེ་ཕན་མཉམ་འབྲེལ་སོགས་ཀྱི་གནད་དོན་ཐག་གཅོད་ནན་པོ་བྱེད་དགོས། ལམ་ལུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལམ་ལུགས་ཀྱིས་དབང་ཆ་དང་། རྒྱུ་ནོར། མི་བཅས་ལ་གཅུན་འདོམས་བྱས་ནས་རུལ་སུངས་ཐོན་ས་དང་ཐོན་རྐྱེན་མེད་པ་ཧུར་ཐག་བཟོ་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་ཡིས་སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་དགོས། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ནན་པོ་དང་ཏན་ཏིག་རྒྱག་པ་དང་། སྲིད་གཞུང་གི་འགན་སྒྲུབ་ནུས་པ་སྔར་བས་ཆེ་རུ་གཏོང་བ། སྲིད་ཇུས་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་དམ་འཛིན་བྱེད་པ། དཀའ་ངལ་ལ་མི་འཛེམས་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མཉམ་སྒྲུབ་མཉམ་སྒུལ་གྱི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་འབད་པ་ཆེར་སྐྱེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ཏང་ཙུའུ་ཡི་བློ་མཐུན་ཚོས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཡག་པོ་འཁུར་བ་དང་། ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚང་མའི་སྣེ་ཁྲིད་དེ་སྤྱོད་གཙང་རང་འདོམས་བཅས་བྱས་ནས་གཞུང་དྲང་སྤྱོད་གཙང་གི་རང་མདངས་ནམ་ཡང་མི་ཉམས་པར་བྱེད་དགོས།