འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་13ཉིན།

ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།

༄༅།།གཙོ་འགན་གཙོ་ལས་ལ་དམིགས་པ་དང་། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། རང་ངོས་འཛུགས་སྐྱོང་
ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་རྩིས་བཤེར་ལྟ་སྐུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་13ཉིན། 09:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་རྩིས་བཤེར་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྩིས་བཤེར་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་པ་དང་དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞི་ཚུགས་ཏེ། དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་སྲུང་སྐྱོང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གསལ་སྟོན། རུལ་རྒོལ་ཟིང་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཙོ་འགན་གཙོ་ལས་ལ་དམིགས་པ་དང་། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཅིག་སྡུད་གཅིག་གྱུར་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཁུངས་བཙན་ནུས་ཆེ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་པ། རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ལས་ཆོད་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་རྩིས་བཤེར་ལྟ་སྐུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

    རྒྱལ་ཡོངས་རྩིས་བཤེར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་ཟླ་1ཚེས་10ཉིན་དང་ཚེས་11ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཝུའུ་ཀྲེང་ལུང་གིས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་། རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་མཉམ་སྡེབ་80དང་སྔོན་ཐོན་ལས་དོན་པ་45ལ་གཟེངས་བསྟོད་བྱས་པ་རེད།