འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་10ཉིན།

༄༅།།ཡོམ་ལྟེའི་ཉིན་ཐོ། སྐར་མ་10རེར་ཁང་མིག་1རེ་བསྐྲུན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་10ཉིན། 14:08】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

དུས་ཚོད། ཟླ་1པོའི་ཚེས་9ཉིན། གཟའ་ཕུར་བུ།

གནམ་གཤིས། ཐལ་རླུང་ལྡང་།

ས་གནས། བོད་ལྗོངས་དིང་རི་རྫོང་གྲམ་སོ་ཤང་།

རླུང་ཆེན་ལྡང་ཞིང་། ཐལ་རླུང་འཚུབ།

བདེ་འཇགས་བཀོད་སྒྲིག དྲོ་སོབ་བེར་དགུན་ཁ་སྐྱེལ།

དེ་རིང་ནི་ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གསུམ་པ་རེད། ཛ་དྲག་གི་རོགས་སྐྱོར་ནས་མང་ཚོགས་བཀོད་སྒྲིག་གི་གོ་རིམ་ལ་སླེབས་པ་དང་བསྟུན་ནས། ཕྱོགས་ཁག་གི་སྟབས་བདེའི་པང་ལེབ་ཁང་པ་སོགས་དངོས་ཟོག་མུ་མཐུད་ས་ཡོམ་ཁུལ་དུ་འབྱོར་བ་དང་ཁང་པ་ཁག་དང་པོ་བསྐྲུན་འགོ་ཚུགས།

“ད་ལྟ་འདེགས་སྒྲིག་འཕྲུལ་ཆས་འབོར་ཆེན་མཁོ་བས། ཇི་ཙམ་མང་ན་དེ་བས་ཕན་ཐོགས་ཆེ” ཉེ་བར་མ་བཅར་གོང་ནས། ཀྲུང་གོའི་ཀྲུང་གོ་ལྕགས་ལམ་དགའ་ལྡན་གྲོང་ཚོའི་བཀོད་སྒྲིག་ཁུལ་གྱི་ལས་བཟོའི་འགན་འཁུར་བའི་ཁ་པར་བཏང་ནས་“ད་ལྟ་འདེགས་སྒྲིག་འཕྲུལ་ཆས་འབོར་ཆེན་མཁོ་བས། ཇི་ཙམ་མང་ན་ཕན་ཐོགས་དེ་ཙམ་ཆེ”ཟེར་བ་གོ་བྱུང་།

ང་ཚོ་ནི་དགའ་ལྡན་གྲོང་ཚོའི་བདེ་འཇགས་བཀོད་སྒྲིག་བྱེད་སར་ཡོད། འདི་གར་སྟབས་བདེའི་ཁང་མིག་96བསྐྲུན་རྒྱུ་རེད།

སྐར་མ་10ནི་སྒྲིག་ཆས་ཆེ་གྲས་ཀྱི་རོགས་རམ་འོག སྟབས་བདེའི་པང་ལེབ་ཁང་པ་རེ་བསྐྲུན་པའི་དུས་ཡུན་རེད། སྟབས་བདེའི་པང་ལེབ་ཁང་པ་གཅིག་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་18ཡོད་པ་དང་། མི་8ཤོང་ཞིང་། ཁང་པའི་ནང་ཉལ་ཁྲི་དང་། ཉལ་ཆས། དྲོད་ཆས་སོགས་མ་མཐའི་འཚོ་བའི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཡོད་པ་རེད། ཆུ་ཚོད་བཅུ་གཉིས་དང་སྐར་མ་སུམ་ཅུའི་ཐོག དགའ་ལྡན་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་ནས་ཐོན་ཏེ་ཐག་ཉེའི་ཟིང་ཀ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་སླེབས།

སྔོག་འདོན་འཕྲུལ་འཁོར་དང་ལྗིད་འདེགས་འཕྲུལ་འཁོར་ཕར་གཏོང་ཚུར་འོང་བྱེད་པ་དང་། ས་ངོས་སྙོམས་པ། པང་ལེབ་ཁང་པར་དཔྱང་ལེན་བྱེད་པ། སྟབས་བདེའི་པང་ལེབ་ཁང་པ་ཁག་གཅིག་བསྐྲུན་འདུག་པ་མཐོང་བྱུང་།

འོན་ཀྱང་སྐབས་དེར་རླུང་འཚུབ་ཆེ་བའི་དབང་གིས་ཨར་ལས་ལ་དཀའ་ངལ་ཆེན་པོ་འདུག འདེགས་སྒྲིག་འཕྲུལ་ཆས་བཀོལ་སྤྱོད་བྱེད་སྐབས། མཁའ་དབྱིངས་སུ་བཏེགས་པའི་པང་ལེབ་ཁང་མིག་གི་ལྷུ་ལག་རླུང་གིས་གཡོ་བཞིན་འདུག

དཀའ་ངལ་ཇི་ཙམ་ཆེ་ནའང་པང་ལེབ་ཁང་པ་མགྱོགས་པོར་བསྐྲུན་དགོས། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་བོད་ལྗོངས་ཡན་ལག་ཀུང་སིའི་ཁྲོམ་ར་གཉེར་སྐྱོང་པུའུ་ཡི་ཀྲུའུ་རེན་གཞོན་པ་ཀྲང་ཏུང་ཀང་གིས་“པང་ལེབ་ཁང་པ་དེ་དག་སྐབས་འཕྲལ་གྱི་གུར་དང་བསྡུར་ན་དྲོད་སྲུང་ཡོམ་འགོག་གི་ཕན་འབྲས་དེ་བས་ལེགས་པོ་ཡོད། ད་ལྟ་ཁང་པའི་ནང་གི་སྒྲིག་ཆས་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་པས། གནོད་འཚེ་ཕོག་པའི་མང་ཚོགས་གང་མགྱོགས་བཀོད་སྒྲིག་བྱ་རྒྱུ་ཡིན་”ཟེར།

ཟིང་ཀ་གྲོང་ཚོར་ས་ཡོམ་བརྒྱབ་རྗེས། ས་གནས་དེ་གའི་ཁང་པར་གཏོར་སྐྱོན་ཚབས་ཆེན་ཕོག་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཧྲུའུ་ཅི་དང་པོ་ལྷག་པ་ཚེ་རིང་གིས་“ད་ལམ་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་གུར་ནང་བསྡད་ཡོད་པ་དང་། གེགས་སེལ་དངོས་ཟོག་སྣ་ཚོགས་ཀྱང་བཀོད་སྒྲིག་བྱས་ཟིན་པས། ལྟོ་གོས་དང་དྲོད་ལེན་གྱི་དཀའ་ངལ་གཞི་རྩའི་ཆ་ནས་སེལ་ཐུབ་ཡོད། སྟབས་བདེའི་ཁང་པ་བསྐྲུན་རྗེས། སྔོན་ལ་རྒན་རྒོན་དང་ནད་པ། དབང་པོ་སྐྱོན་ཅན་དང་སྦྲུམ་མ། ཕྲུ་གུ་བཅས་བཀོད་སྒྲིག་བྱ་རྒྱུའི་བསམ་བློ་གཏོང་བཞིན་ཡོད་”ཅེས་ངོ་སྤྲོད་བྱས།

གནོད་འཚེའི་ཁུལ་གྱི་མང་ཚོགས་ཇི་ལྟར་བྱས་ནས་བཀོད་སྒྲིག་འཚམ་པོར་བྱ་རྒྱུ་དེ་ནི་ཐོག་མཐའ་བར་གསུམ་དུ་ཚང་མས་དོ་ཁུར་བྱེད་པའི་གནད་འགག་ཅིག་ཡིན། གནད་དོན་འདིར་དམིགས་ནས་ཆུ་ཚོད་15དང་སྐར་མ་15ཐོག ང་ཚོ་སྔར་ཡང་ཁ་སང་དོ་ཁུར་བྱེད་མྱོང་བའི་གྲམ་སོ་ཤང་མགུ་རོང་གྲོང་ཚོར་བསྐྱོད།

ཕར་བལྟས་པ་ན། དེ་རིང་གི་མགུ་རོང་གྲོང་ཚོ་ནི་ཁ་སང་དང་བསྡུར་ན་ཧ་ཅང་མི་འདྲ་བར་གྱུར་འདུག

ས་གནས་དེ་གའི་ལས་དོན་མི་སྣས་སྐར་མ་དང་སྐར་ཆར་ཡང་བརྩོན་ནས་བྲེལ་བ་བྱེད་ཅིང་། འཕྲུལ་ཆས་ཆེ་གྲས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་བྱེད་བཞིན་འདུག སྟབས་བདེའི་པང་ལེབ་དཀར་པོའི་ཁང་པ་རིམ་པར་སྐྲུན་བཞིན་ཡོད། སྐབས་དེར་ས་ཡོམ་བརྒྱབ་རྗེས་ཆུ་ཚོད་72ཡང་སོང་མེད།

ཆུ་ཚོད་16དང་སྐར་མ་30ཐོག བོད་ལྗོངས་སུ་ད་ཐེངས་ཀྱི་ས་ཡོམ་གནོད་འཚེ་ཕོག་པའི་རོགས་སྐྱོབ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་རོགས་སྐྱོར་འོག་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བར་མ་མཐའི་འགན་སྲུང་ཐུབ་ཡོད་པ་རེད།

གནོད་འཚེ་ཕོག་ཁུལ་དུ་ཁྱོན་བསྡོམས་བཀོད་སྒྲིག་བྱ་ཡུལ་224བཙུགས་པ་དང་། མི་ཁྲི་4.75བཀོད་སྒྲིག་བྱས་པ། གུར་12730ཕུབ་ཅིང་། ཚ་སྣོན་སྒྲིག་ཆས་12043སྒྲིག་སྦྱོར་བྱས། བོད་ལྗོངས་སུ་རོགས་སྐྱོར་བྱེད་པའི་བལ་གདན་དང་། དྲོད་ཆས། ཟས་རིགས། སྨན་རྫས་སོགས་པའི་དངོས་རྫས་ཁྱོན་ཁྲི་61.2ཙམ་ཛ་དྲག་ངང་སྐྱེལ་འདྲེན་བྱས་པ་རེད།

སྨན་བཅོས་སྐྱོབ་བཅོས་ལས་དོན་རིམ་བཞིན་འཕྲལ་སྡོམ་སྐྱོབ་བཅོས་ནས་ཚད་ལྡན་སྨན་བཅོས་ལ་བསྒྱུར་བཞིན་ཡོད།

ས་ཡོམ་གྱི་གནོད་ཁུལ་དུ་གློག་ཤུགས་དང་། འཕྲིན་གཏོང་། འགྲིམ་འགྲུལ་སོགས་གཞི་རྩའི་ཐོག་སླར་གསོ་བྱས་ཡོད།

དེ་རིང་། ང་ཚོས་གེགས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་མང་པོ་ཞིག་གི་གནས་སུ་ཕྱོགས་ཁག་ཚང་མས་ཚ་ཚ་འུར་འུར་ངང་ནས་ལས་ཀ་བྱེད་བཞིན་ཡོད་པ་དེ་ནི་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་སྒོ་ནས་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་ཆེད་ཡིན་པ་མཐོང་བྱུང་།