གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་10ཉིན། 13:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཟླ་1ཚེས་7ཉིན། དིང་རི་རྫོང་གྲམ་སོ་ཤང་གི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་ལས་དོན་མི་སྣས་གློག་གཏོང་འགན་ལེན་བྱེད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་8ཉིན་གྱི་ཆུ་ཚོད་3དང་སྐར་མ་37ཙམ་ལ་བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲམ་སོ་ཤང་དང་། མཚོ་སྒང་ཤང་། ཆུ་ལྷོ་ཤང་བཅས་ཤང་སྲིད་གཞུང་གསུམ་དུ་གློག་དྲའི་གློག་གཏོང་སླར་གསོ་བྱུང་བ་དང་བསྟུན་ནས་དིང་རི་རྫོང་གི་གློག་ཤུགས་ས་ཡོམ་གོང་གི་ཆུ་ཚད་དུ་སླར་གསོ་བྱུང་སྟེ། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོའི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། གློག་ཤུགས་སྡེ་ཚན་གྱིས་གློག་ཤུགས་འཕྲལ་སྡོམ་མྱུར་བཟོ་ཡག་པོ་བྱས་པའི་རྨང་གཞིའི་ཐོག དིང་རི་རྫོང་གི་བཀོད་སྒྲིག་ས་ཚིགས་8ལ་གློག་ཤུགས་འགན་ལེན་བྱས་པ་རེད།
ས་ཡོམ་བརྒྱབ་རྗེས། བོད་ཀྱི་འཐབ་ས་དང་པོའི་གློག་ཤུགས་ལས་དོན་མི་སྣས་མགྱོགས་མྱུར་གློག་ཤུགས་འཕྲལ་སྡོམ་ཉེན་སེལ་བྱས་པ་རེད། ཚེས་7ཉིན་གྱི་ཆུ་ཚོད་20དང་སྐར་མ་30ཙམ་ལ་མཚོ་སྒང་ཤང་གི་བཀོད་སྒྲིག་ས་ཚིགས་ཀྱི་གུར་40ཡི་ནང་གློག་འོད་ཁྲ་ཐིང་ངེར་ཡོད་པ་དང་། ཆུ་ཚོད་21དང་སྐར་མ་17ཙམ་ལ་གྲམ་སོ་ཤང་མགུ་རིང་གྲོང་ཚོའི་གུར་40ཡི་ནང་དུའང་གློག་འོད་ཁྲ་ཐིང་ངེར་གནས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་གློག་བགོས་སྒྲིག་ཆས་དང་གློག་སྒྲོན་སྒྲིག་ཆས་དིང་རི་རྫོང་གི་གེགས་ཁུལ་དུ་རྒྱུན་མཐུད་སྐྱེལ་བཞིན་ཡོད་པ་དང་། གློག་ཤུགས་སྡེ་ཚན་གྱིས་ཡོམ་འགོག་གེགས་སེལ་གྱི་ས་གནས་ས་ཐོག་གི་ལས་དོན་འཕེལ་རིམ་ལ་མུ་མཐུད་རྗེས་སྙེག་བྱས་ནས་བཀོད་སྒྲིག་ས་ཚིགས་ཀྱི་གློག་གཏོང་འགན་ལེན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་བཞིན་ཡོད་པ་རེད།