—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་10ཉིན། 10:55】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
“རུལ་སུངས་ནི་རང་རེའི་ཏང་ལ་འཕྲད་པའི་འཇིགས་སྐུལ་ཆེ་ཤོས་ཡིན་པ་དང་། རུལ་རྒོལ་ནི་ཆེས་མཐར་ཕྱིན་གྱི་རང་ངོས་གསར་བརྗེ་ཞིག་རེད”སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པ་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་འཐབ་རྩོད་ཁྲོད་ནས་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་མིག་སྔའི་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་སྟེ། “ནོར་འཁྲུལ་གྱི་ངོས་འཛིན་སྣ་ཚོགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་བསམ་བློའི་གོ་འཛོལ་གསལ་པོ་བཟོས་ནས་རུལ་རྒོལ་འཐབ་རྩོད་ཀྱི་ཆོད་སེམས་དང་གདེང་ཚོད་སྔར་བས་བརྟན་དུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་ངོས་གསར་བརྗེའི་ཚད་མཐོའི་རང་རྟོགས་དང་། “མི་བརྒྱ་སྟོང་ལ་ཕོག་ཐུག་གཏོང་དགོས་བྱུང་ཡང་མི་དུང་ཕྱུར་བཅུ་བཞི་ཡི་རེ་བ་ཆུད་ཟོས་སུ་མི་གཏོང་བའི”ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་ལ་བརྟེན་ནས། ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་དང་ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པས། རུལ་རྒོལ་བྱེད་ཤུགས་ནི་སྔར་བྱུང་མྱོང་མེད་པ་ཞིག་དང་ཕན་འབྲས་ཀྱང་ཚང་མས་མཐོང་གསལ་རེད། འདས་ཟིན་པའི་ལོ་གཅིག་ནང་། “སྟག་རྡུང་བར”བཀག་སྡོམ་ཁུལ་མེད་པ་དང་དུས་མཚུངས“སྦྲང་གྲོག་རུལ་སུངས”ལ་ཆད་གཅོད་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཁྲི་70ལྷག་ཙམ་ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། དུས་རབས་གསར་པ་ཚུན། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་སྔར་བྱུང་མྱོང་མེད་པའི་གཅིག་སྒྲིལ་དང་སྐུལ་མ་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་བཅད་པས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང“ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་དང་། ཏང་གིས་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཐུན་མོང་འབད་འཐབ་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད”ཅེས“ལོ་རྒྱུས་ཀྱི་རང་འགུལ་གཉིས”ཐོབ་པའི་ཐོག་ནས་དེར་ཚད་མཐོའི་སྙིང་བསྡུས་གནང་ཡོད་པ་རེད།
དེ་དང་ཆབས་ཅིག ངེས་པར་དུ་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རུལ་སུངས་ཐོན་ས་དང་ཐོན་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ཞིང་ལྕི་པོ་ཡོད་པ་གསལ་པོ་ཤེས་དགོས། དོན་དངོས་ཀྱི་གནས་ཚུལ་ལ་བལྟས་ན། རུལ་སུངས་ཀྱི་གསོག་འབོར་ད་དུང་གཙང་སེལ་བྱས་མེད་ལ་འཕར་ཚད་ད་དུང་མུ་མཐུད་ཐོན་བཞིན་ཡོད། བསམ་བློའི་ངོས་འཛིན་ཐོག་ནས་བལྟས་ན། མི་འགའ་ཞིག་གིས་དུས་བབ་ལ་ད་དུང་ནོར་འཁྲུལ་གྱི་བརྡར་ཤ་གཅོད་པ་དང་ངོས་འཛིན་བྱེད་ཀྱི་ཡོད། ནོར་འཁྲུལ་གྱི་ངོས་འཛིན་སྣ་ཚོགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་བསམ་བློའི་གོ་འཛོལ་གསལ་པོ་བཟོས་ན་གཞི་ནས་ཐུན་མོང་གི་ངོས་འཛིན་དེ་བས་གཅིག་སྒྲིལ་དང་བྱ་སྤྱོད་ཀྱི་རང་རྟོགས་དེ་བས་ཆེ་རུ་གཏོང་ཐུབ།
རུལ་སུངས་དང་དབང་ཆ་ནི་མཉམ་དུ་འགྲོགས་ནས་བྱུང་བ་ཞིག་ཡིན་པས། རུལ་སུངས་དང་འཐབ་རྩོད་བྱེད་པ་ནི་ཡུན་རིང་གི་ལོ་རྒྱུས་བརྒྱུད་རིམ་ཞིག་ཡིན་པ་ཐག་བཅད་ཡོད། རུལ་སུངས་ཐོན་ས་དང་ཐོན་རྐྱེན་སྔར་བཞིན་གནས་ཚེ། རུལ་རྒོལ་འཐབ་རྩོད་ནམ་ཡང་ཚར་དུས་མེད་པ་ཤེས་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་ཞིབ་བཤེར་ཐག་གཅོད་བྱས་པའི་རུལ་སུངས་བར་དབྱེ་ཞིབ་གཏིང་ཟབ་བྱེད་སྐབས། དེའི་ནང་མི་མང་ཆེ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚང་མ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོགས་གོང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་བར་རྒྱུན་མཐུད་ཡོད་པས། དེ་ནི་འཕར་གཞི་རེད་ལ་གསོག་འབོར་ཡང་རེད། རུལ་རྒོལ་གྱི་ལག་རྩལ་དང་། བྱ་ཐབས། ཐབས་ཤེས་སོགས་གསར་པའི་མདུན་དུ་རུལ་སུངས་བ་གབ་ས་ཡིབ་ས་མེད་པར་འགྱུར་བཞིན་ཡོད། རུལ་སུངས་ཀྱིས་དྲང་གཞག་དྲང་བདེན་ལ་གནོད་འཚེ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བ། དཔལ་འབྱོར་སྒྲིག་ལམ་ཟང་ཟིང་བཟོ་བ་བཅས་བྱེད་ཀྱི་ཡོད། དུག་སྐྲན་འདི་རྩ་མེད་བཟོས་ན་གཞི་ནས་རྒྱ་ཆེའི་ལས་བྱེད་པས་སྤྱོད་གཙང་ལས་སྒྲུབ་དང་བློ་ཁོག་ཆེན་པོས་ལས་དོན་སྒྲུབ་ཐུབ་པ་དང་རིགས་ཁག་གི་ཚོང་གཉེར་བྱེད་པོ་བློ་བདེ་པོའི་ངང་ལས་གཏོད་བྱེད་ཐུབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རུལ་རྒོལ་འཐབ་རྩོད་ལ་ངོས་འཛིན་བྱེད་སྐབས། ངེས་པར་དུ་ལོ་རྒྱུས་ཀྱི་མིག་རྒྱང་དང་འཐབ་ཇུས་ཀྱི་མཐོ་ཚད་དགོས་པ་དང་ཏང་གི་འགན་འཁྲི་དང་ལས་འགན་སྒྲུབ་པར་དམིགས་དགོས”ཞེས་ནན་བཤད་གནང་ཡོད། གང་འདྲ་ཞིག་ལ་ལོ་རྒྱུས་ཀྱི་མིག་རྒྱང་ཟེར་རམ། དེའི་འགག་རྩ་ནི་ལོ་རྒྱུས་ཁྲོད་ནས་བསླབ་བྱ་ལེན་མཁས་པོ་བྱས་ཏེ་རང་རེའི་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་རིན་ཐང་གི་དམིགས་ཡུལ་ཁོང་དུ་ཆུད་པར་བྱེད་པ་དང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པར་ངེས་པར་དུ་འཇིགས་སྐུལ་ཆེ་ཤོས་ཡིན་པའི་རུལ་སུངས་ངེས་པར་དུ་གཙང་སེལ་བྱེད་དགོས་པའི་ངོས་འཛིན་ཐུབ་པ་བྱེད་དགོས། འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བལྟས་ན། མིག་སྔ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འགག་རྩའི་དུས་སྐབས་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་རྒྱ་ཁྱབ་དང་གཏིང་ཟབ་པའི་འགྱུར་ལྡོག་འགྲོ་བཞིན་ཡོད་པས། བློ་བརྟན་འགྱུར་མེད་ངང་རུལ་རྒོལ་བྱས་ནས་ཏང་གི་སྒྲིག་གཞི་སྐྱོན་བྲལ་དང་སྔོན་ཐོན་སྤྱོད་གཙང་ནམ་ཡང་གནས་པར་བྱས་ན། གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བརྟན་པོ་དང་ཡག་པོ་བསྐྱོད་ཐུབ་སྟེ། ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་ཁྲོད་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་ལངས་ཐུབ། ཏང་ཡོན་ལས་བྱེད་པའི་ངོས་ནས་བཤད་ན། བསླུ་བྲིད་དང་གཞོགས་འདྲིད་སྐོར་གཏིབ་སྣ་ཚོགས་འཕྲད་སྐབས་རང་རེའི་ཏང་གིས་འབད་འཐབ་བྱེད་པའི་གསར་བརྗེའི་ཕུགས་འདུན་བསམ་བློ་མང་ཙམ་གཏོང་བ་དང་། རང་སྲོག་བློས་གཏོང་དང་ཁྲག་དྲོན་སྐྱེས་སུ་འབུལ་མཁན་གྱི་གསར་བརྗེའི་སྔོན་བྱོན་པ་རྣམས་བསམ་བློ་མང་ཙམ་གཏོང་བ། ཏང་དང་མི་དམངས་རང་གི་སེམས་སུ་གལ་ཆེ་ཆུང་ཅི་འདྲ་ཡོད་པར་བསམ་བློ་མང་ཙམ་གཏོང་བ། ལྐོག་ཟ་རུལ་སུངས་ཀྱི་མཇུག་འབྲས་ངན་པ་དང་གནོད་འཚེར་བསམ་བློ་མང་ཙམ་གཏོང་བ། འཛམ་གླིང་གི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ལས་དབང་མི་འདྲ་བར་བསམ་བློ་མང་ཙམ་གཏོང་བ་བཅས་བྱེད་དགོས། བསམ་བློའི་ཐོག་ནས་གཞི་སྒྱུར་རྩ་སྒྱུར་དང་བཟང་བསྟོད་ངན་སྨྲས་བྱས་ཚེ་གཞི་ནས་བརྟན་པོར་གནས་ཐུབ་པ་དང་རང་གཅུན་ཐུབ་སྟེ་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱེད་ཐུབ།
རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་ལ་རིག་པ་ཧ་ཅང་གསལ་པོ་དང་རྣམ་འགྱུར་ཧ་ཅང་བརྟན་པོ་བྱེད་དགོས་པ་ལས། ལྷོད་གཡེང་དང་སྙིང་རྗེ་གཏན་ནས་བྱེད་མི་རུང་། ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་དང་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། མཚམས་གཏན་ནས་མི་འཇོག་པ་དང་ཕྱིར་བཤོལ་རྩ་བ་ནས་མི་བྱེད་པའི་ཐོག་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་དགོས། དམངས་སེམས་ཕྱོགས་ས་དང་མདུན་ལམ་ལས་དབང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་འདིའི་ཐོག་ང་ཚོས་དུས་རབས་གསར་པའི་རུལ་རྒོལ་འཐབ་རྩོད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་བསྲིང་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་ཡག་པོ་རྒྱག་རྒྱུའི་འགྱུར་མེད་ཆོད་སེམས་དང་རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས།