གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་08ཉིན། 15:17】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་7ཉིན་གྱི་ཆུ་ཚོད་20དང་སྐར་མ་30ཡི་ཐོག བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒོ་ཤང་གི་གནས་སྡོད་བྱ་ཡུལ་གྱི་གུར་40ལ་གློག་བཀར་ཐུབ་ཡོད་པ་དང་། ཆུ་ཚོད་21དང་སྐར་མ་17ཐོག དིང་རི་རྫོང་གྲམ་སོ་ཤང་མགུ་རོང་གྲོང་ཚོའི་གུར་40ལ་ཡང་གློག་བཀར་ཐུབ་ཡོད། མཚན་མོ་སླེབས་སྐབས། གློག་སྒྲོན་རེ་རེ་བཞིན་བཀར་ནས་ཡོམ་འགོག་རྒུད་སྐྱོབ་ལ་འོད་ཟེར་དང་དྲོ་སྐྱིད་སྦྱིན་ཡོད།
ཚེས་7ཉིན་གྱི་དགོང་མོར། གསར་འགོད་པས་རྒྱལ་ཁབ་དྲ་རྒྱའི་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་དང་པོའི་ཚེས་7ཉིན་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བྱུང་རྗེས། བོད་ལྗོངས་ཀྱི་འཐབ་ཕྱོགས་དང་པོའི་གློག་ཤུགས་ལས་དོན་མི་སྣས་མགྱོགས་མྱུར་གློག་ཤུགས་འཕྲལ་བསྟུན་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བ་དང་། ཚེས་7ཉིན་གྱི་ཆུ་ཚོད་22བར། དིང་རི་རྫོང་དང་དེ་བཞིན་ཤེལ་དཀར་གྲོང་རྡལ་དང་། སྒང་དཀར་གྲོང་རྡལ། རྒྱ་མཚོ་ཤང་། རོང་ཤར་ཤང་། བཀྲ་ཤིས་འཛོམས་ཤང་། གྲམ་སོ་ཤང་། གར་དམར་ཤང་བཅས་ལ་གློག་འདོན་སླར་གསོ་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རིམ་རྩིས་བྱས་ན་འཐབ་ཕྱོགས་དང་པོའི་གློག་ཤུགས་འཕྲལ་བསྟུན་ཉེན་སྐྱོབ་མི་སྣ་177དང་གློག་འགན་སྲུང་རླངས་འཁོར་7ཡོད་པ་དེས་དིང་རི་རྫོང་གྲོང་དང་། མཚོ་སྒོ་ཤང་། འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ་ཡི་གནས་ཡུལ་གྲམ་སོ་ཤང་སོགས་ཀྱི་ཡུལ་དངོས་སུ་ཉེན་སྐྱོབ་དང་ཞིག་གསོ་ཡི་ལས་དོན་སྤེལ་བ་མ་ཟད། འབྲེལ་ཡོད་ཀྱི་གློག་སྦྱོར་དང་གློག་སྒྲོན་སྒྲིག་བཀོད་མུ་མཐུད་ཡུལ་དངོས་སུ་སྐྱེལ་བཞིན་ཡོད་པ་དང་། གནས་སྡོད་བྱ་ཡུལ་གྱི་གུར་ནང་དུ་གློག་མཐུད་པའི་ལས་དོན་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།