—— མཚོ་བོད་ས་མཐོའི་རི་གྲོང་གི་སྐྱེ་ཁམས་གནས་སྤོས་ཡུལ་མི་གནས་སྤོ་བྱས་ནས་ལོ་20སོང་བའི་སྐོར་བཀོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་08ཉིན། 15:14】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་2024ལོའི་ཟླ་5ཚེས་26ཉིན་པར་བརྒྱབ་པའི་ཐོག་ཐོན་གཙང་པོའི་ཡུལ་ལྗོངས་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲི་ཝུའེ་ཡན། ཝང་ཅིན་ཅིན།
མི་དེ་དག་གིས་ཁྱིམ་ལ་དགའ་ཞེན་བྱེད་སྟངས་ནི་ཁྱིམ་ནས་ཁ་བྲལ་རྒྱུ་དེ་ཡིན།
ཕྱུགས་འཚོ་དྲགས་པའི་དབང་གིས་འབྲི་ཆུའི་ཆུ་འགོ་ཁུལ་དང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གདང་ལ་གྲོང་རྡལ་གྱི་རྩྭ་ར་ཁག་གཅིག་ཉམས་ཞན་མགྱོགས་མྱུར་དུ་ཕྱིན་ཡོད། 2004ལོར། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྐུལ་འདེད་འོག་མི་རབས་ནས་མི་རབས་བར་གནས་དེར་འཚོ་སྡོད་བྱེད་པའི་དུད་ཚང་128ཀྱི་འབྲོག་པ་407སྤྱི་ལེ་420ལྷག་ཙམ་གྱི་སར་ཡོད་པའི་མཚོ་ནུབ་ཀྲོའུ་གོར་མོ་གྲོང་ཁྱེར་དུ་གནས་སྤོས།
གྲོང་ཚོར་ཡང་མིང་གསར་པ་ཞིག་བཏགས་པ་སྟེ། འབྲི་ཆུའི་ཆུ་འགོ་གྲོང་ཚོ་ཟེར།
དཀར་ཆ་དོད་ལ་རྒྱ་ཆེ་བའི་ཚོམས་ཆེན་ལ་ལྟ་ཀྱིན་གྲོང་མི་སེང་གེར་ལོ་བརྒྱད་ལྷག་ཙམ་གོང་གི་གནས་ཚུལ་ཞིག་ལྷང་ལྷང་དུ་དྲན་ཞིང་། 2016ལོའི་ཟླ་8ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོང་གི་ཁྱིམ་དུ་ཕེབས་ནས་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་རྗེས་བྱམས་བརྩེའི་ངང“ཁྱེད་ཚོར་བདེ་སྐྱིད་འཚོ་བ་ད་དུང་སྐྱེལ་རྒྱུ་རིང་པོ་ཡོད”ཅེས་གསུངས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁོང་ཚོས་ནམ་ཡང་བརྗེད་པར་དཀའ་བའི་ཕ་ཡུལ་ནས་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར། རྩྭ་ཐང་ནས་ཁ་བྲལ་ཏེ་གྲོང་ཁྱེར་དུ་གནས་སྤོས་བྱས་པའི་འབྲོག་པ་ཚོར་བདེ་སྐྱིད་དང་འབྱོར་ཕྱུག་གྱི་འཚོ་བ་མྱོང་ཚོར་ཟབ་མོ་བྱུང་ཡོད། རྒྱ་མཚོར་བཞུར་བའི་དྭངས་གཙང་གི་འབྲི་ཆུའི་ཆུ་ཐིག་རེ་་རེས་ཆུ་ཕྲན་ཆུ་འགོ་ནས་རྒྱུག་པའི་བརྗིད་ཉམས་ལྡན་པའི་ཁས་ལེན་བདེན་དཔང་བྱས་ཡོད།
ཁྱིམ་དུ་ལོག་པ།
ཁྱིམ་དུ་ལོག་རྒྱུ་ནི་ཡུལ་བྲལ་བ་ཚང་མའི་འདུན་པ་ཆེ་ཤོས་རེད། དེ་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་གྲོང་མིའི་སེམས་ལ་རྡོ་ལ་རི་མོ་བརྐོས་པ་ལྟར་གསལ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཆེས་ནན་ཤོས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ཀྱིས་གྲོང་མི་ཚོའི“རིམ་བཞིན་རྒྱང་ཐག་རིང་དུ་སོང་བའི”ཁྱིམ་ཚང་ལ་སྲུང་སྐྱོང་བྱས་པ་མ་ཟད། ཁོང་ཚོའི་དྲན་ཤེས་ཁྲོད་ཀྱི་རི་སྔོན་ཆུ་དྭངས་ཀྱི་ཁྱིམ་ཡང་བསྐྲུན་ཡོད།
“རྨི་ལམ་ནང་དུའང་ཁྱིམ་འཁོར་གྱི་འདུག”བགྲེས་སོང་སེང་གེས“ཁྱིམ་དང་ཁ་བྲལ་བའི”སྐོར་བརྗོད་ཚེ་རང་ཉིད་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད་སྙམ། ཐོག་མར་བགྲེས་སོང་སེང་གེ་མཐོང་དུས་མངོན་གསལ་དོད་ཤོས་ནི་ཁོང་གི་རྐེད་པར་གཟེར་བའི“འུར་རྡོ”དེ་རེད་འདུག
འབྲི་ཆུའི་ཆུ་འགོ་ནས་ཁ་བྲལ་ཏེ་ལོ་20སོང་། ཁོང་གིས་རྟག་ཏུ་རང་ཉིད་ཀྱིས་མུ་མཐའ་མེད་པའི་རྩྭ་ཐང་ཐོག་གླུ་ཆུང་ལེན་གྱིན“འུར་རྡོ”གཡུག་ནས་ལུག་ཁྱུ་འདེད་པའི་རྨི་ལམ་གཏོང་གི་འདུག་ཅེས་བཤད།
བགྲེས་སོང་སེང་གེའི་ཁྱིམ་ནི་སྔོན་ཆད་འབྲི་ཆུའི་ཆུ་འགོའི་ཐོག་ཐོན་གཙང་པོའི་འགྲམ་གྱི་ཀ་བ་གྲོང་ཚོར་ཡོད། གནམ་དང་ཐག་ཉེ་བའི་ས་ཆ་འདིར་ཁོང་གི་ཁྱིམ་དུ་རྩྭ་ར་མུའུ་ཁྲི་12དང་། ནོར་70ལྷག་ཙམ། ལུག་400ལྷག་ཙམ་བཅས་ཡོད་པ་རེད།
ནོར་ལུག་གི་གྲངས་འབོར་མང་དུ་ཕྱིན་པ་དང་ཆབས་ཅིག དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར་འབྲི་ཆུའི་ཆུ་འགོའི་རྩྭ་ར་ལོ་རེ་བཞིན་ཉམས་ཞན་དུ་ཕྱིན། བྱེ་རླུང་ལྡང་ཞིང་སྲོག་ཆགས་ཉུང་དུ་ཕྱིན་པ་དེ་འབྲི་ཆུའི་ཆུ་འགོས་འབྲོག་པ་ཚོར“སྐྱོབ་རོགས་ཀྱི་བརྡ་རྟགས”གཏོང་བ་དང་ཀུན་ནས་མཚུངས། བགྲེས་སོང་སེང་གེས་རྩྭ་ཐང་སྟེང་དུ་སྔོན་ཆད་བྱི་ཚང་རེ་གཉིས་ཙམ་ལས་མཐོང་རྒྱུ་མེད་མོད། ད་ཆ་གང་སར་བྱི་ཚང་གིས་ཁེངས་ནས་ནག་ཧུར་རེར་གྱུར་པ་མཐོང་སྐབས་སེམས་སྡུག་གིས་མནར།
2004ལོར་བགྲེས་སོང་སེང་གེ་དང་ཡུལ་མི་ཚོ་མཉམ་དུ་འབྲི་ཆུའི་ཆུ་འགོ་གྲོང་ཚོར་གནས་སྤོས། ད་ལྟ“རི་སྟེང”དུ་གང་འདྲ་འདུག ད་ཆ་ཁོང་ལོ་68ལ་སླེབས་པས་ཕ་ཡུལ་དུ་ལོག་པའི་འདུན་པ་ཆེ་ཡང་ལུས་པོས་ལྕོགས་ཀྱི་མེད། བགྲེས་སོང་སེང་གེས་སྔར་བཞིན་ཕ་ཡུལ་ལྷག་པར་དྲན།
2011ལོར་རྒྱལ་ཁབ་ཀྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ནས་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་གྲོང་མིར་ཕྱུགས་བཀག་གི་ཁ་གསབ་མ་དངུལ་རག་ཡོད།
2013ལོར་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་གྲོང་མི་100ལྷག་ཙམ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པར་གདན་ཞུ་བྱས།
2024ལོར་གོར་མོ་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆ་བར་སྟོང་གི་སྤྱིའི་འཆར་འགོད་གསར་ཤོས་གཞིར་བཟུང་། འབྲི་ཆུའི་ཆུ་འགོ་གྲོང་ཚོ་གནས་སའི་གདང་ལ་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་85.25%སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ནང་བཅུག་ཡོད།
ཕ་ཡུལ་ནས་ཁ་བྲལ་བ།
བྱ་རྒོད་ཀྱང་འཕུར་མི་ཐུབ་པའི་གདང་ལ།
མཚོ་བོད་ས་མཐོའི་དབུས་རྒྱུད་རི་རྒྱུད་འདིར“འབྲི་ཆུའི་ཆུ་ཐིགས་དང་པོ”དེ་གངས་འཁྱགས་བཞུར་ནས་ས་གཞི་ཆེན་པོར་བརྒྱུགས་ཏེ་ཀྲུང་གོའི་ཆུ་བོ་ཆེ་ཤོས་ནང་འདུས། ལོ་ངོ་སྟོང་ཕྲག་རིང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིས་དེ་གར་འཚོ་བའི་འབྲོག་པ་རྣམས་བསྐྱངས་དང་སྐྱོང་མུས་རེད། དབྱར་ཁ་ཤར་རིམ་བཞིན་ཆར་ཆུ་འབེལ་བའི་ཆུ་འགོ་དེ་ལས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་གྱི་གངས་ལྗོངས་ས་མཐོ་དེ་གཡུ་གཞུང་ལྟར་མཛེས་སྡུག་ལྡན་པར་གྱུར།
2004ལོར་འབྲོག་པ་རྣམས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་། “སྐྱས་སྤོས་རྩྭ་གསོའི”སྐོར་གྱི་ཚོགས་འདུ་ཐེངས་30ལྷག་ཙམ་འཚོགས་རྗེས། ཚང་མས་ནོར་ལུག་མང་དྲགས་ནས་ཕ་ཡུལ་གྱི་རྩྭ་ར་འདང་གི་མེད་པས་གནས་སྤོ་བྱེད་པ་ནི་རྩྭ་ཐང་སྲུང་སྐྱོང་བྱེད་པ་ཞིག་ཡིན་པ་ཤེས།
གནས་སྤོ་འགོ་ཚུགས་པ།
ལོ་དེའི་ཟླ་11པའི་ཟླ་མཇུག་ཏུ། དུད་ཚང་128ཀྱི་འབྲོག་པ་407ཕ་ཕུལ་ནས་ཁ་བྲལ།
འབྲོག་པ་ཚོས་ཁྱིམ་གྱི་སྦྲ་གུར་དང་། ལྕགས་སྒམ། ཐབ་སོགས་ཚང་མ“ཤར་རླུང”རྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་ནང་བླུགས་ནས་དབོར་འགོ་ཚུགས། རྒན་རྒོན་དང་ཕྲུ་གུ་བཅས་མི་ཚང་མ་རླངས་འཁོར་ནང་འཛུལ་ཏེ་ཕ་ཡུལ་ནས་བྲལ་མི་ཕོད་པར་མིག་ཟུང་མཆི་མས་བརླན་བཞིན་ཐོན།
ཁུ་ཁུ་ཤིས་རི་དང་ཁུ་ནུ་རི་བོའི་ལ་བརྒྱབ་རྗེས་གནས་སྤོས་དཔུང་ཁག་ཆེན་པོ་དེ་གོར་མོ་གྲོང་ཁྱེར་ལྷོ་འདབས་ཀྱི་མྱ་ངམ་ཐང་ཞིག་ཏུ་གཞིས་ཆགས་རྒྱུའི་ཐག་བཅད།
ས་གནས་དེ་གའི་མི་རྣམས་ཧང་སངས་དགོས་པ་ཞིག་ལ། གནས་དེ་ཕྱོགས་བཞི་མཚམས་བརྒྱད་བྱེ་མས་ཁེངས་ལ་གྲོང་ཁྱེར་དང་བར་ཐག་རིང་བས། འབྲོག་པ་ཚོ་དེ་གར་སྤོ་དོན་གང་ཡིན་ནམ། དེ་དོན་སྐོར་སྐད་ཆ་འདྲི་སྐབས་ཁོ་ཚོས་འདི་གར་མཚོ་བོད་གཞུང་ལམ་དང་བར་ཐག་ཉེ་ཞིང་། ལམ་དེ་འབྲི་ཆུའི་ཆུ་འགོ་བར་ཤར་གཏོང་ཐུབ་ཡོད། དེ་ནི་ཁྱིམ་ལ་ལོག་པའི་ལམ་རེད་ཅེས་ལན་བཏབ།
གནས་སྤོ་རྒྱུའི་ཐག་བཅད་པ་ནས་ཁྱིམ་གསར་པར་དངོས་སུ་སྤོས་པའི་བར་ལོ་ཕྱེད་ཡང་མ་འགོར་བར་འབྲོག་པ་ཚོས་ཆུ་འགོར་སྲུང་སྐྱོང་ཡག་པོ་བྱས་།
ཁྱིམ་གསར་པ།
ད་ཆ་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཡངས་ཤིང་ཁོད་སྙོམས་པའི་འགྲོ་ལམ་ཕྱོགས་གང་སར་ཤར་གཏོང་ཐུབ་པ་དང་། དེའི་ཁྲོད་མཛེས་སྡུག་ལྡན་ལ་གནའ་ཉམས་དོད་པའི་བོད་ཁང་སྟར་ཆགས་སུ་གནས་ལ་ཞིང་འབྲོག་ཐོན་རྫས་ལས་སྣོན་དང་སྒར་རྒྱག་བསྲེགས་ཟས་རྟེན་གཞི་སོགས་གྲོང་གསེབ་ཀྱི་ཐོན་ལས་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལག་ལེན་བསྟར། འབྲི་ཆུའི་ཆུ་འགོ་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ལེང་ལེང་གིས། 2024ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཟིན་ཡོད་ཅེས་བཤད།
ད་ཆ་འབྲི་ཆུའི་ཆུ་འགོ་གྲོང་ཚོ་ནི་སྒྲོན་ལྕོག་ལྟ་བུ་ཞིག་ཏུ་གྱུར་ནས་འབྲོག་པ་སྔར་བས་མང་བ་རང་འགུལ་ངང་འབྲོག་ཁུལ་ནས་དེ་གར་གཞིས་ཆགས་པར་ཡོང་ཞིང་། མིག་སྔར་གྲོང་ཚོ་ཡོངས་སུ་དུད་ཚང་223དང་མི་609ཡོད།
དེ་དག་ཚང་མ་གནས་སྤོས་རྗེས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྲིད་ཇུས་དང་ཁ་འབྲལ་ཐབས་མེད།
འབྲོག་པ་གྲོང་ཁྱེར་དུ་སྤོས་རྗེས་འཚོ་གནས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད། རྒྱལ་ཁབ་ཀྱིས་ཁོ་ཚོར་ཁང་པ་གསར་པ་བརྒྱབ་པ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་བྱ་ཐབས་ཁྱོན་ཡོངས་ནས་ལག་བསྟར་བྱས་རྗེས། གོང་རིམ་ཏང་རྩ་འཛུགས་ཀྱིས་གྲོང་སྡོད་ཧྲུའུ་ཅི་མངགས་པ་དང་ཐོན་ལས་རོགས་སྐྱོར་མ་དངུལ་མང་དུ་བཏང་།
2017ལོར་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་22828ཟིན་ནས་དབུལ་ཞྭ་ཕུད་ཐུབ་ལ་གནས་སྤོས་འབྲོག་པ་རྣམས་ཀྱི་འཚོ་བ་འགན་ལེན་གང་ལེགས་བྱུང་།
དེ་དང་ཆབས་ཅིག་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཀྱང་འཐུས་སྒོ་ཚང་དུ་ཕྱིན་ཞིང་། སྔོན་ཆད་ཀྱི་ས་རྡོའི་ལམ་ད་ཆ་སྣུམ་ནག་ལམ་དུ་གྱུར་པ་དང་། ཁང་པའི་ནང་ཆུ་དང་། གློག སོལ་རླངས་བཅས་ཤར་གཏོང་ཐུབ་ཡོད། གྲོང་ཚོར་འཕྲོད་བསྟེན་ཁང་ཡོད་པ་དང་འབྲོག་པ་ཚོར་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། སྲིད་གཞུང་གིས་ད་དུང་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་གྲྭ་བསྐྲུན་པས་གྲོང་མི་རྣམས་སེམས་འགུལ་ཚད་མེད་ཐེབས་ཡོད།
ཁྱིམ་གཞིས།
བགྲེས་སོང་སེང་གེས་འཚོ་བ་ཉིན་རེ་ལས་མ་འདས་པར་བདེ་སྐྱིད་ལྡན་པ་དང་ཇེ་ཡག་ཏུ་འགྲོ་བ་སྙམ།
རི་ཁུག་ནས་དོན་ཏེ་ལོ་20སོང་རྗེས། ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་འབྲོག་པ་ཚོས་མི་དང་རང་བྱུང་དབར་གྱི་འབྲེལ་བར་རིམ་བཞིན་ཞི་མཐུན་མཉམ་གནས་ཀྱི་ལྟ་སྟངས་འཛིན།
2019ལོར་ཕ་ཡུལ་དང་གྲོང་ཚོ་གསར་པ་སྦྲེལ་མཐུད་བྱེད་པའི“ལམ”ཞིག་བཏོད་པ་སྟེ། འབྲོག་པ་ཚོས་རི་ཁར་ཕྱུགས་འཚོ་ཆོག་པའི་ས་ཁོངས་སུ་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནོར་ལུག་འཚོ་བ་དང་། རི་གཤམ་དུ་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ལས་སྣོན་ཕྱིར་ཚོང་དང་སྤུས་རྟགས་ཁྱབ་གདལ་བཏང་བ། “གདང་ལའི་བོད་ལུག”དང“གདང་ལའི་འབྲི་གཡག”སོགས་སྤུས་རྟགས་རྩེ་གྲ་ཉེ་རིང་གང་སར་སྐད་གྲགས་ཆོད་པ་དང་། པེ་ཅིང་དང་ཀྲེ་ཅང་སོགས་སུ་དེའི་ཐོན་རྫས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
གཙང་གསུམ་ཆུ་འགོའི་སྲུང་སྐྱོང་ལས་དོན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག ད་ཆ་འབྲི་ཆུའི་ཆུ་འགོ་གྲོང་ཚོས“དུད་ཚང་གཅིག་ལ་ལས་གནས་གཅིག”གི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། ཁྱིམ་ཚང་ཚང་མར་ནོར་བུ་ཚེ་རིང་ལྟ་བུའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་རེ་ཡོད།
ལེང་ལེང་གིས“འབྲོག་པ་རྣམས་འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་བྱེད་མཁན་གཙོ་བོར་གྱུར་ཡོད། ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་ནི‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’སྲུང་སྐྱོང་བྱེད་པ་ཡིན། ཚང་མས་རྩྭ་ཐང་ནས་འདི་གར་སྤོ་རྒྱུའི་གདམ་ག་བྱས་པ་ནི་བྱེད་རིན་ཡོད་པ་ཞིག་རེད་སྙམ་གྱི་ཡོད”ཅེས་བཤད།
བྱ་ཐབས་ནན་ཤོས་རབ་དང་རིམ་པའི་སྲུང་སྐྱོང་འོག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། 2019ལོ་ནས་2023ལོ་བར་འབྲི་ཆུའི་ཆུ་འགོ་ཁུལ་ཁོ་ནར་ལོ་རེའི་ཆ་སྙོམས་རང་ཐོན་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་261.7ཟིན་པ་དེ་1956ལོ་ནས་2016ལོ་བར་གྱི་ལོ་མང་གི་ཆ་སྙོམས་གྲངས་འབོར་ལས་40%ཡན་གྱིས་མང་བ་ཡོད།
“འབྲི་ཆུ་ནི་ང་ཚོ་ཐུན་མོང་གི་ཁྱིམ་གཞིས་ཡིན”འབྲི་ཆུའི་ཆུ་འགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཟླ་བས“ཆུ་འགོ་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་མ་ཡུམ་གཙང་པོར་བཅངས་པའི་བརྩེ་བ་ཟབ་མོ་དང་སྨད་རྒྱུད་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོའི་ཐོག་ནས་དྭངས་གཙང་ཆུ་མོ་ནམ་ཡང་དལ་གྱིས་ཤར་ཕྱོགས་སུ་རྒྱུག་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་བཤད།
(བསོད་བདེ་གཞོན་པ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)
འདི་ནི་2024ལོའི་ཟླ་6ཚེས་11ཉིན་གྲོང་མིས་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་སྒང་པ་བོད་མི་རིགས་ལག་ཤེས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་དུ་སྣམ་བུར་ལས་སྣོན་བྱེད་བཞིན་པ།