ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་07ཉིན། 15:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་3དང་4ཉིན་རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ནུས་ཤུགས་ཡོད་རྒུས་བྱེད་པ་དང་། གཙོ་རྒྱུན་བསམ་བློ་དང་གླེང་ཕྱོགས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དང་སྟོབས་ཆེར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནུས་ཤུགས་ཡོད་རྒུས་དར་སྤེལ་གཏོང་བ། རིག་གནས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ནུས་ཤུགས་ཡོད་རྒུས་བྱེད་ཟབ་ཏུ་གཏོང་བ། སྔར་བས་ནུས་ཆེའི་རྒྱལ་སྤྱིའི་ཁྱབ་སྤེལ་མ་ལག་ནུས་ཤུགས་ཡོད་རྒུས་སྐྲུན་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་མཐུན་རྐྱེན་བཅས་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཚའེ་ཆི་ཡིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིག་གནས་འཛུགས་སྐྱོང་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་དང་། ལག་ལེན། ལམ་ལུགས་བཅས་ཀྱི་ཐད་འཚོལ་ཞིབ་གསར་གཏོད་རབ་དང་རིམ་པ་བྱས་ནས་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། གལ་ཆེ་ཤོས་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་གྲུབ་ནས་དུས་རབས་གསར་པའི་ཏང་གི་རིག་གནས་དར་ཆ་བསྒྲེངས་ཡོད། དགོངས་པ་གལ་ཆེན་འདིའི་ནང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཇི་ལྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དཔྱོད་དོན་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལན་བཏབ་གནང་བས་དེ་ནི་དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་ཞིག་རེད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྔར་བས་རང་རྟོགས་ངང་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་སྔར་བས་ཕྲག་ཏུ་ཡག་པོ་འཁུར་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ལས་དོན་བཀོད་སྒྲིག་གནང་བ་དང་། ཁོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅན་དང་རིགས་ལམ་ཅན་ཞིབ་འཇུག་དང་རྒྱས་བཤད་གཏིང་ཟབ་བྱེད་པ། དཔལ་འབྱོར་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཆུ་ཚད་མཐོ་རུ་གཏོང་བ། རིག་གནས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཀྱི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བསམ་བློ་དང་ཆབ་སྲིད་ལས་དོན་གྱི་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ། རིག་གནས་ཀྱི་ཁོར་ཡུག་ཡག་པོ་གཏོད་པ། རིག་གནས་ཤུལ་བཞག་ལ་རྒྱུད་རིམ་ལྡན་པའི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་ཤེས་དཔལ་འཛུགས་སྐྱོང་དང་ཤེས་དཔལ་གྱི་ཡུལ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་པ། རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ། གཞི་རིམ་གྱི་ལས་དོན་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ལས་འགན་ཁག་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།