གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་06ཉིན། 13:14】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རེབ་གོང་རིག་གནས་ཀྱི་ལོ་རྒྱུས་ཀྱི་རྨང་གཞི་དང་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཡོད།2024ལོའི་ཟླ་12ཚེས་19ཉིན་བར“རེབ་གོང་སྒྱུ་རྩལ”དང“རྨ་ལྷོའི་ལྷ་མོ”སོགས་མཚོན་བྱེད་དུ་བྱས་པའི་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་701ཟིན་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
2024ལོར་རྨ་ལྷོ་ཀྲོའུ་ཡིས་2024ལོའི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་དུས་ཚིགས་དང་རྨ་ཆུ་འབབ་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་ལྟ་སྐོར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་མ་ཟད། ད་དུང་ཀྲོའུ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་701ཚུད་པའི《མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་གི་དཔེ་རིས་ཀུན་བསྡུས》ཐོག་མ་དེ་པར་སྐྲུན་བྱས་ནས། མངོན་མིན་རིག་གནས་ཤུལ་བཞག་གོ་རིམ་ལྡན་པའི་ངང་སྒྲིག་བཟོ་དང་རྒྱུན་འཛིན་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། དེ་དང་ཆབས་ཅིག《རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་ཡིག》ཧུར་ཐག་བཟོས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལས་དོན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པར་བྱས་ཡོད།
འཛམ་གླིང་གི་ཟིན་ཐོའི་ཁས་ལེན་དཔང་དོན་ཐད་2024ལོའི་ཧོ་ནན་སོག་རིགས་རང་སྐྱོང་རྫོང་གི“གཞི་ཁྱོན་ཆེ་ཤོས་ཀྱི་སུའུ་ཧོ་ཙེ་རྒྱན་ཆས་འགྲེམས་སྟོན”དང་ཙེ་ཁུའུ་རྫོང་གྱི“གཞི་ཁྱོན་ཆེ་ཤོས་ཀྱི་ཚགས་ཤ་དང་ལུག་ཤ་མྱོང་རོལ་བྱེད་སྒོ”“འཛམ་གླིང་ཐོག་གི་བོད་བཟོའི་ཏན་ཞིམ་ཆེ་ཤོས”ཞེས་པའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་གསུམ་པོར་འཛམ་གླིང་གི་ཟིན་ཐོའི་ཁས་ལེན་དཔང་དོན་ཐོབ་པའི་དབང་གིས་ཀྲོའུ་ཡོངས་སུ་འཛམ་གླིང་གི་ཟིན་ཐོའི་ཁས་ལེན་དཔང་དོན་ཐོབ་པའི་རྣམ་གྲངས་14ཟིན་ཡོད།
ཐུན་རིན་གྲོང་ཁྱེར་རེབ་གོང་རི་མོ་གླིང་དང་རེན་ཅུན་རི་མོ་གླིང་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཐོན་སྐྱེད་རང་བཞིན་སྲུང་སྐྱོང་ཐད་ཕུལ་བྱུང་གི་ལེགས་སྐྱེས་ཕུལ་བར་བརྟེན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞིར་གྲུབ་འབྲས་ཐོབ་པའི་ངང་བདམས་པས། ཀྲོའུ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་དཔེ་མཚོན་སྒྲིག་གཞིར་གྱུར་ཡོད། བརྒྱུད་རིམ་དེའི་ཁྲོད་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྔོན་ཐོན་མི་སྒེར་2དང་སྐབས་དང་པོའི་སྲོལ་རྒྱུན་བཟོ་རྩལ་རྒྱལ་ཁབ་ཆེན་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོ་2ཐོན་ནས་རྨ་ལྷོ་ཀྲོའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་བྱ་གཞག་ལ་གསོན་ཤུགས་བསྣན་ཡོད། གཞན་ཡང་། རྨ་ལྷོ་ཀྲོའུ་ཡིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དྲུག་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་1འོས་སྦྱོར་ཤུགས་ཆེན་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ཤེས་ལྡན་པའི་དཔུང་ཁག་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ལ་སྐུལ་འདེད་བཏང་ཡོད། (སྒྲོན་ལགས་ཀྱིས་བསྒྱུར། སྐལ་མཆོག་གིས་ཞུས)