འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་6ཉིན།

༄༅།།མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པར་བྱེད་པ་ནི་དོན་ཆེན་ཨང་དང་པོ་རེད།

—— ཀྲུའུ་ཞི་ཞི་ཅིན་ཕིང་གི་2025ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ། ④

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་06ཉིན། 10:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

    “ཁྱིམ་དོན་དང་། རྒྱལ་དོན། གནམ་འོག་གི་དོན་དག་ཚང་མའི་ཁྲོད་ནས་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱེད་པ་ནི་དོན་ཆེན་ཨང་དང་པོ་རེད” 2025ལོའི་ལོ་གསར་གྱི་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་སྤྱི་ཚོགས་འཛུགས་སྐྲུན་དང་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། འཆམ་མཐུན་བསྟུན་མཁས་ཀྱི་རྣམ་པ་རྒྱུན་མཐུད་གཏོད་པ། མི་སེར་ཉེ་འགྲམ་གྱི་དོན་དག་ཆེ་ཆུང་ཁག་ཐག་གཅོད་ཡག་པོ་བཅས་བྱས་ཏེ་ཚང་མའི་ངོ་གདོང་ལ་འཛུམ་གྱིས་ཁེངས་ཤིང་། སེམས་ནང་དྲོ་སྐྱིད་ལྡན་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    འདས་ཟིན་པའི་ལོ་གཅིག་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ནང་དུ་རྟོག་ཞིབ་དང་བརྟག་ཞིབ་ལ་ཕེབས་པའི་ཞབས་རྗེས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་12དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ཁྱབ་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ཐུགས་ལ་འཆང་གནང་གི་ཡོད་ལ། མི་སེར་ཚོའི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ལ་ཐུགས་ཁྲལ་གནང་གི་ཡོད། ཐེན་ཅིན་ཤིས་ཆིང་ཆུས་ཤིན་ཁོའུ་གྲོང་རྡལ་ཏི་ལིའུ་པུའུ་གྲོང་ཚོའི་ཡུལ་མིའི་ཁྱིམ་ཚང་གཅིག་གི་ནང་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་གནང་ནས། གནོད་འཚེ་ཕོག་པའི་གྱོང་གུན་དང་། གེགས་རྗེས་ཀྱི་ཐོན་སྐྱེད་འཕེལ་རྒྱས། ལས་ཞུགས་འབབ་འཕར་བཅས་ཀྱི་གནས་ཚུལ་བཀའ་དྲི་ཞིབ་ཕྲ་གནང་ཡོད། ཀན་སུའུ་ཐེན་ཧྲུའེ་མའེ་ཅི་ཆུས་ཀྱི་ནན་ཧྲན་ཧྭ་ཉིའུ་ཀུ་ཤུའི་རྟེན་གཞིར་ཕེབས་ནས་ཀླུ་ཆུས“ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ”གཟིགས་རྗེས“མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་འདུ་འགོད་འདི་འདྲར་དམ་འཛིན་མང་ཙམ་བྱས་ནས་མི་སེར་ལ་འཕྲད་པའི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི”བཀའ་མངགས་གནང་ཡོད། ལོ་ཟླ་རིམ་བཞིན་འདས་ཀྱང་བརྩེ་སེམས་ནམ་ཡང་འགྱུར་བ་མེད། ལམ་ཐག་ལེ་དབར་ཁྲི་ཕྲག་ཆོད་ཀྱང་མི་དམངས་ནམ་ཡང་གོང་དུ་བཀུར། འདི་ལས་མི་དམངས་ལ་བཅངས་པའི་ཟོལ་མེད་བརྩེ་སེམས་མངོན་ཡོད་ལ“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་དམངས་འཚོ་གཙོ་བོར་འཛིན་པའི”དོན་གཉེར་ལྷོད་མེད་གསལ་བཤད་ཀྱང་བྱས་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཁྱིམ་ཚང་ཚང་མའི་ཕྲུ་གུར་སློབ་གསོ་ཡག་པོ་ཐོབ་པ་དང་། རྒན་རྒོན་ལ་རྒན་གསོའི་ཞབས་ཞུ་ཡག་པོ་ཐོབ་པ། ན་གཞོན་རྣམས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་པ་བཅས་ཀྱི་རེ་སྒུག་བྱེད་བཞིན་ཡོད། བབ་ཆགས་ཀྱི་རེ་འདུན་འདི་དག་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཡིན”ཞེས་ནན་བཤད་གནང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མི་དམངས་ལྟེ་བར་འཛིན་པ་དང་། མིའི་རང་དབང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱེད་པ་དེ་མཐའ་མའི་དམིགས་ཚད་ལ་བརྩི་བ། མི་དམངས་བློ་ཡིད་ཚིམ་མིན་དེ་གདེང་འཇོག་གི་ཚད་གཞིར་འཛིན་གྱི་ཡོད། “མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པར་བྱེད་པ་ནི་དོན་ཆེན་ཨང་དང་པོ་རེད”ཅེས་པ་བློ་ལ་བརྟན་པོར་ངེས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དགོས་མཁོ། རེ་སྒུག་བཅས་ཀྱི་སྒྱུར་བཅོས་བྱ་ཐབས་མང་ཙམ་འདོན་པ་དང་། དམངས་འཚོར་ཕན་འདོགས་པ་དང་། མི་སེམས་ལ་དྲོ་སྐྱིད་སྦྱིན་པ། དམངས་འདོད་དང་བསྟུན་པ་བཅས་ཀྱི་བྱ་བ་དངོས་མང་ཙམ་བསྒྲུབས་ཚེ་གཞི་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་ཐུབ།

     ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་། ཡོང་འབབ་བགོ་བཤའ་དང་ལས་ཞུགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་དང་ཁྱབ་ནུས་རང་བཞིན་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བཏོན་ཡོད། སྒྱུར་བཅོས་བྱ་ཐབས་འདི་དག་དོན་འཁྱོལ་བྱེད་པར་ངེས་པར་དུ་དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་ཀྱིས་མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་ཁྲོད་ནས་སྒྱུར་བཅོས་ཀྱི་ཤུགས་རྒྱག་ས་དང་ཚད་བརྒལ་ཡོང་གཞི་འཚོལ་རྒྱུར་མཐོང་ཆེན་བྱས་ཏེ། དམངས་འཚོའི་ལས་དོན་ཚང་མ་ཡག་པོ་སྒྲུབ་པ་དང་། དོན་དག་ཚང་མར་ལན་ཡོད་པ་བྱེད་པར་སྐུལ་འདེད་བཏང་སྟེ་མི་སེར་ཚོས་འགྱུར་ལྡོག་མཐོང་ཐུབ་པ་དང་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས་ཞེས་བཏོན་ཡོད།

    དམངས་འཚོའི་ལས་དོན་ལེགས་པར་སྒྲུབ་པར། སེམས་ཤུགས་དང་། བརྩེ་སེམས། ནུས་ཤུགས་བཅས་འདོན་དགོས་ལ། ངང་རྒྱུད་རིང་པོ་དང་། ཞིབ་ཚགས་པོ། བློ་རྩེ་གཅིག་སྒྲིམ་བཅས་ཀྱང་བྱེད་དགོས། ཕྱི་རོལ་ཁོར་ཡུག་གི་ཤུགས་རྐྱེན་ངན་པ་མང་དུ་འགྲོ་བ་དང་ནང་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་འགྲན་སློང་འཕྲད་བཞིན་ཡོད་པས། རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོར་འགྱུར་བའི་རིགས་མི་ཐོན་པའི་འགན་ལེན་བྱས་ཏེ་ཡོང་འབབ་འབྲིང་དམའི་ཚོགས་སྤྱི་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་མུ་མཐུད་ཇི་ལྟར་གཏོང་དགོས་སམ། ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་ཞིང་། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་བཅས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་གྱི་འཆར་གཞི་ལག་བསྟར་ཡག་པོ་བྱས་ཏེ་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ། མི་འབོར་རྒན་རྒོན་དུ་འགྱུར་བའི་ཚད་མཐོ་རུ་འགྲོ་བའི་མདུན་དུ་ཀུན་ཕན་རྒན་གསོའི་ཞབས་ཞུའི་ཁྱབ་ཁྱོན་ཆེ་རུ་བཏང་ནས་རྒན་གསོ་ཞབས་ཞུའི་མཁོ་སྤྲོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཇི་ལྟར་གཏོང་དགོས་སམ། དེ་དག་ཚང་མར་ང་ཚོས་འགན་འཁྲི་འཁུར་བ་དང་། བསམ་ཕྱོགས་གསར་གཏོད། འབད་འབུངས་ཧུར་ལེན་བཅས་བྱས་ནས་དམངས་འཚོའི་དོན་དག་ཚང་མ་མང་ཚོགས་ཀྱི་བློ་ལ་བབས་པ་ཞིག་སྒྲུབ་དགོས།

    བདེ་སྐྱིད་ལྡན་པའི་འཚོ་བ་ནི་གནམ་ནས་ཟགས་པ་ཞིག་མིན་པར། དངོས་སྒྲུབ་འབད་འཐབ་ལ་བརྟེན་ནས་གཏོད་དགོས་པ་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོར་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། དེང་རབས་ཅན་གྱི་ཁ་ཕྱོགས་ཀྱི་མི་དམངས་རང་བཞིན་ལ་དམིགས་ཏེ་མི་དམངས་མང་ཚོགས་ཀྱི་བབ་ཆགས་པའི་རེ་འདུན་ཁྲོད་ནས་ལས་ཀའི་ཤུགས་རྒྱག་ས་འཚོལ་བ་དང་འབྲེལ། ལས་དོན་སྒྲུབ་རྒྱུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྒྲུབ་དགོས་པའི་རིགས་གཏན་ཁེལ་བྱེད་པ་དང་། དུས་ཚོད་དམ་འཛིན་གྱིས་བྱ་བ་རེ་རེ་བཞིན་ཡག་པོ་བསྒྲུབས་ཚེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དུ་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མི་དམངས་དུང་ཕྱུར་མང་པོར་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་ཐུབ་ངེས་ཡིན།