འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་6ཉིན།

༄༅།།ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ནས་སྒོར་དུང་ཕྱུར་3.84བཏང་བ།

གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་བྱེད་པར་སྤྱོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་06ཉིན། 10:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་གང་ལེགས་མཚོན་པར་བྱ་ཆེད། ཉིན་ཤས་གོང་། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ནས་སྒོར་དུང་ཕྱུར་3.84བཏང་སྟེ། 2025ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚམས་འདྲིའི་བྱེད་སྒོ་སྤེལ་བར་སྤྱོད་རྒྱུ་རེད།

    ཀྲུང་དབྱང་རྩ་འཛུགས་པུས་བཏོན་དོན། འཚམས་འདྲི་བྱ་ཡུལ་གཙོ་བོ་ནི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ཡིན། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ནང་ཞུགས་པའི་ཏང་ཡོན་རྒན་གྲས་ལ་ཡོངས་ཁྱབ་ངང་འཚམས་འདྲི་བྱེད་དགོས། གཞི་རིམ་གྱི་ལས་བྱེད་པ་དང་ལྷག་པར་དུ། ཆ་རྐྱེན་དཀའ་ཚེགས་ཆེ་བའི་ས་ཁུལ་དང་། ཛ་དྲག་དང་། དཀའ་གནད། ཉེན་ཁ་བཅས་ཆེ་བའི་ལས་འགན་གྱི་འཐབ་ས་མདུན་མར་ལས་ཀ་བྱེད་མཁན་བློ་མཐུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་། “བདུན་གཅིག་བྱས་རྗེས་གཟེངས་རྟགས” རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་བཅས་ཐོབ་མཁན་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ་བཅས་དང་འབྲེལ་བ་ཡོད་པའི་ཐོབ་ཐང་དོན་འཁྱོལ་དང་འཚམས་འདྲིའི་ལས་དོན་ཡག་པོ་སྒྲུབ་དགོས། གཞུང་དོན་དུ་སྐུ་གཤེགས་པའི་ཏང་ཡོན་ལས་བྱེད་པའི་ནང་མིར་འཚམས་འདྲི་དང་། ལྟ་རྟོག་རོགས་སྐྱོབ། ཡུན་རིང་རོགས་སྐྱོར་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། འཚམས་འདྲིའི་ཁྱབ་ཁོངས་འོས་འཚམ་ངང་རྒྱ་ཆེར་བཏང་སྟེ་རྒྱུན་གཏན་གྱི་ལས་གནས་ལས་བྲལ་བའི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། གྲོང་ཚོའི(གྲོང་མི)ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། དེ་བཞིན་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་སོགས་ལ་དོ་ཁུར་དང་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། གསར་དུ་ལས་ཞུགས་ཐུབ་པའི་ཚོགས་སྤྱིའི་ཁྲོད་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱེད་དགོས་ལ། དངོས་འབྲེལ་དཀའ་ངལ་ཡོད་པའི་གཞི་རིམ་གྱི་ཏང་དོན་ལས་དོན་པར་ཡང་འཚམས་འདྲི་བྱེད་ཆོག

    ཀྲུང་དབྱང་རྩ་འཛུགས་པུས་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་ལས་དོན་སྒྲུབ་པ། གཞི་རིམ་དུ་བསྐྱོད་ནས་འཚམས་འདྲི་བྱེད་པ། དམིཌ་སའི་རང་བཞིན་ལྡན་པའི་སྒོ་ནས་དཀའ་ངལ་དངོས་སེལ་རོགས་བྱེད་པ། ཏང་གི་དྲོ་སྐྱིད་དཀའ་ངལ་ཡོད་པའི་ཏང་ཡོན་དང་མང་ཚོགས་ཀྱི་སེམས་ཁོང་དུ་སྐྱེལ་བ་བཅས་བྱས་ཏེ། “མི་གཅིག་ལ་འཚམས་འདྲི་བྱེད་པ་དང་། ཁྱིམ་ཚང་གཅིག་ལ་དྲོ་སྐྱིད་སྦྱིན་པ། ཡུག་གཅིག་ལ་སྐུལ་ཁྲིད་བྱེད་པ”བཅས་ཀྱི་ཕན་འབྲས་ཡག་པོ་ཧུར་ཐག་ཐོན་པར་བྱེད་དགོས། རིམ་ཁག་ཏང་ཨུད་རྩ་འཛུགས་སྡེ་ཚན་གྱིས་ལེ་ལག་ཚང་བའི་མ་དངུལ་དོན་འཁྱོལ་དང་། མ་དངུལ་སྤྱོད་མཁས་མཐའ་འཁྱོངས། མ་དངུལ་ལྟ་འདོམས་ལ་ཤུགས་སྣོན། ཆེད་དངུལ་ཆེད་སྤྱོད་བཅས་བྱས་ནས། དཔྱིད་གསར་དུས་ཆེན་གོང་འཚམས་འདྲི་བྱ་ཡུལ་གྱི་ལག་ཏུ་སྤྲོད་ཐུབ་པར་འགན་ལེན་བྱེད་དགོས།