—— ཀྲུའུ་ཞི་ཞི་ཅིན་ཕིང་གི་2025ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ། ③
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་05ཉིན། 11:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
“དེང་གི་འཛམ་གླིང་ཐོག་ཟང་ཟིང་དང་འགྱུར་ལྡོག་མཉམ་དུ་གནས་ཡོད་པས། འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འགྱུར་ལྡོག་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་བཏང་ཡོད”ཅེས་2025ལོའི་ལོ་གསར་གྱི་རྟེན་འབྲེལ་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཐད་སྤོས་པའི་གོམ་སྟབས་བརྟན་པོར་ཕྱིར་མིག་མཛད་དེ“ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ཀྱི་ལག་ལེན་པ་དང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ནང་ཞུགས་མཁན་བཅས་བྱས་ནས། འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད”ཅེས་ནན་བཤད་གནང་བ་རེད།
འདས་ཟིན་པའི་ལོ་གཅིག་ནང་། དམ་པ་དོན་གཉེར་གྱི་ཀྲུང་གོའི་འདོད་ཚུལ་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་བྱ་སྤྱོད་བཅས་རེ་རེ་ལས་ལས་དབང་གཅིག་མཐུན་དང་གོ་ལ་ཧྲིལ་པོ་མཉམ་རོགས་ཀྱི་སྙིང་སྟོབས་གསལ་འགྲེལ་བརྒྱབ་སྟེ། མིའི་རིགས་ལ་ཡར་ཐོན་དོན་གཉེར་དང་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱེད་པའི་དཔའ་སྐྱེད་ཀྱི་འགན་འཁྲི་འཁུར་སེམས་བརྐོས་ཡོད།
རང་སའི་ཕྱི་འབྲེལ་ཆེན་པོ་གསུམ་དང་། འཚམས་འདྲི་གལ་ཆེན་ཐེངས་བཞི། ཕྱི་དོན་གྲོས་མོལ་དང་མཇལ་འཛོམས་ཐེངས་130ལྷག་ཙམ། རྟེན་འབྲེལ་འཕྲིན་ཡིག་དང་། འཕྲིན་ལན། རྟེན་འབྲེལ་གློག་འཕྲིན་བརྒྱ་ལྷག་ཙམ་སོགས་གྲངས་གཞི་མང་པོ་ལས་གཙོ་བདག་གི་ཕྱི་འབྲེལ་གྲུབ་འབྲས་གཡུར་དུ་ཟ་བ་ཟིན་ཐོར་བཀོད་ཡོད། “གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བའི”གསལ་འགྲེལ་དང་། “འབོ་གསེར་ཆེན་པོའི་མཉམ་ལས”ལ་སྣེ་ཁྲིད། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་བརྒྱད་ཁྱབ་བསྒྲགས། ཀྲུང་ཧྥེ་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི“འདོད་ཚུལ་ཁག་དྲུག”ཁ་གསལ་བཟོ་བ་སོགས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདུ་ཤེས་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་བཅོས་སྐྱོང་ལ་ཇུས་གཞི་མཁོ་འདོན་གནང་ཡོད། འབར་མའི་བྱང་རྒྱུད་ཀྱི་ཞི་བདེར་འདུམ་འགྲིག་བྱེད་པ་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བར། ཀྲུང་གོས་འཛམ་གླིང་གི་ཞི་བདེ་སླར་གསོ་ཡོང་ཆེད་བྲེལ་རྒྱུག་ཧུར་ཐག་བྱས་ནས་འཛམ་གླིང་གི་ཞི་བདེར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
གྲོགས་པོ་བསྒྲིགས་ནས་འབྲེལ་ཟམ་བྱེད་པ་དང་ལྷག་བསམ་རྣམ་དག་གིས་འབྲེལ་འདྲིས་བྱས་པར་བརྟེན་རྒྱལ་ཁབ་སྔར་ལས་མང་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ནང་ཞུགས་ཡོད། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་བྱེད་པའི་ལག་ལེན་གྱི་ལས་སྟེགས་ནས་བལྟས་ན། “ཆན་ཁའེ་ནས་ཧྲང་ཧའེ་བར”ལ་གོ་ལ་ཧྲིལ་པོས་དོ་སྣང་ཆེན་པོ་བྱེད་ཅིང་། དུས་རབས་གསར་པའི་ཨེ་ཤེ་ཡ་དང་ལ་ཏིང་མེ་གླིང་བར་གྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་འདིས་དར་རྒྱས་དང་བདེ་སྐྱིད་ཀྱི་ལམ་བུ་ཞིག་བཏིང་བ་དེ་ནི་སྦྲེལ་མཐུད་ཆེན་པོར་བརྟེན་ནས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་བཏང་བའི་གྲུབ་འབྲས་ཤིག་ཡིན་པ་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་ཁྲི་10ཡན་ཟིན་ཏེ་དངོས་ཟོག་ཚད་ལྡན་སྒམ་ཁྲི་1100ཡན་དབོར་བ་དང་། མེ་འཁོར་ཁྲི་བསྐྱོད་པའི་དུས་ཚོད་དེ་ཐོག་མའི་ཟླ་བ་90ནས་ཟླ་བ་6བར་ཐུང་དུ་ཕྱིན་པ་དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་བྱུང་བའི“མགྱོགས་ཚད་འཕར་བ”ཞིག་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས“འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས། བློ་རྒྱ་ཆེན་པོས་འགལ་བ་དང་གདོང་ཐུག་སེལ་བ་དང་། བརྩེ་བ་ཆེན་པོས་མིའི་རིགས་ཀྱི་ལས་དབང་ལ་སེམས་ཁུར་བྱེད་དགོས”ཞེས་གཏིང་ཟབ་བསྟན་གནང་ཡོད། མིའི་རིགས་འཕེལ་རྒྱས་ཀྱི་ལམ་མདོ་ཁ་གསར་པར་ལངས་སྐབས། གནད་དོན་གསར་རྙིང་སྣ་ཚོགས་དང་རྙོག་འཛིང་ཆེ་བའི་འགལ་བ་དང་གདོང་ཐུག་མང་དུ་འགྲོ་བ་དང་། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་ཉུང་དུ་མི་འགྲོ་བར་འཕར་གྱི་ཡོད། བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ“འཛམ་གླིང་ཁ་ཕྱོགས་གང་དུ་འགྲོ་དགོས་པ་དང་མིའི་རིགས་གང་འདྲ་བྱེད་དགོས་པའི”ཐད་ལན་འདེབས་པ་དང་། ཕྱོགས་ཁག་དང་མཉམ་དུ་དུས་རབས་ཀྱི་རླུང་རླབས་ཁྲོད་དུ་འཕེལ་ཕྱོགས་ཆེན་པོ་འཚོལ་བ་དང་། བདེན་དོན་ཆེན་པོ་འཁུར་བ། བདེན་པས་ལུགས་བཟང་སྐྱོང་བ་བཅས་ནི་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་གདམ་ག་ཞིག་རེད།
ཤེས་དཔལ་དཔྱད་གཞིར་འཛིན་རེས་བྱེད་མཁན་གྱི་སྐུལ་འདེད་པ་ཞིག་བྱས་ན་གཞི་ནས་ཐུན་མོང་ཐོག་ཡར་རྒྱས་ཡོང་ཐུབ། “ཀྲུང་གོར་གྲུབ་འབྲས་ཐོབ་པ་ཇི་བཞིན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལའང་དེ་ལྟ་བུའི་གྲུབ་འབྲས་ཐོབ་ངེས”ཞེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ལི་གཡོད་རེ་ནེ་ལུའུ་དབུ་ཚོགས་སུ་ཀྲུང་གོའི་དབུལ་སྒྲོལ་བརྒྱུད་རིམ་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བློ་སྒོ་འབྱེད་ཚུལ་འཛམ་གླིང་ལ་གསུངས་པ་དེ་ནི། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལྷག་བསམ་ཟོལ་མེད་ངང་མཉམ་སྤྱོད་གནང་བ་ཞིག་རེད་ལ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཀྱང་རེད། མིའི་རིགས་ཀྱི་ཤེས་དཔལ་སྣ་མང་རང་བཞིན་ནི་མིའི་རིགས་ཡར་རྒྱས་ཡོང་བའི་འབྱུང་ཁུངས་ཡིན། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་གཏིང་ཟབ་བསྟར་ནས། སྤེལ་རེས་ལ་བརྟེན་ནས་འགལ་རྐྱེན་ལས་སྒྲོལ་བ་དང་། ཕན་ཚུན་དཔྱད་གཞིར་བཟུང་རེས་ཀྱིས་གདོང་ཐུག་གི་ཚབ་བྱས་ཏེ། “ཕྱོགས་གཉིས་ནས་ཤུགས་རྒྱག་པའི”ཁྲོད། རྒྱལ་ཁབ་ཁག་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ན། འཛམ་གླིང་གི་ཤེས་དཔལ་མེ་ཏོག་ལྡུམ་རར་མེ་ཏོག་རྣམ་པར་བཀྲ་བ་དང་གསོན་ཤུགས་ཀྱི་དཔལ་འབར་ངེས་རེད།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ནང་ཞུགས་མཁན་བྱས་ཚེ་གཞི་ནས་འབྱུང་འགྱུར་གཏོད་ཐུབ། གོ་ལ་ཧྲིལ་པོའི་བདེ་སྡུག་མཉམ་འབྲེལ་ཡིན་ལ། མིའི་རིགས་ཀྱི་སྐྱིད་སྡུག་ཀྱང་གཅིག་ལ་གཅིག་བརྟེན་རེད། ལས་དབང་མཉམ་མཐུན་གྱི་གྲུ་གཟིངས་ཆེན་པོར་སྡོད་སྐབས། རྒྱལ་ཁབ་ཁག་གི་མི་དམངས་ནི་གྲུ་གཟིངས་གཅིག་གི་མི་ཡིན་པ་མ་ཟད། ཁྱིམ་ཚང་གཅིག་གི་མི་དེ་བས་ཀྱང་རེད། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མཉམ་འདྲེས་བྱས་ཏེ། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་ལྡན་པ་བཅས་ཀྱི་འཛམ་གླིང་སྐྲུན་པར་སྐུལ་འདེད་བཏང་ཚེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་མཉམ་དུ་རྩོམ་ཐུབ།
ད་ལྟའི་ཀྲུང་གོ་ནི་འཛམ་གླིང་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ཁྲོད་ཀྱི་བརྟན་ལྷིང་སྟོབས་ཤུགས་དང་། མཉམ་ལས་སྟོབས་ཤུགས། ཡར་ཐོན་སྟོབས་ཤུགས་བཅས་སུ་གྱུར་ཡོད་པས། “ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་འཕེལ་རྒྱས་གཏོང་བར་ཡང་ཀྲུང་གོ་མཁོ་བའི”ང་ཚོའི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་ཡོད། ངེས་ཤུགས་དང་ཡིད་ཆེས་དེ་ལྟ་བུ་ཡོད་པའི་ཁར་རྒྱུན་སྲིང་ལྷོད་མེད་ངང་འབད་བརྩོན་བྱས་ཚེ། ང་ཚོས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཆེད་དྲང་ནུས་དེ་བས་མང་བ་བསྣན་ཏེ། འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ཤེས་དཔལ་གྱི་བརྗིད་ཉམས་ལྡན་པའི་མཛེས་རིས་འབྲི་ཐུབ་ངེས་རེད།