གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་04ཉིན། 13:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་སློབ་འབྲིང་གི་དགེ་སློབ་འཐུས་མིར་ལོ་གསར་གྱི་རྟེན་འབྲེལ་འཕྲིན་ལན་སློག་གནང་ནས་ལོ་གསར་གྱི་སྨོན་འདུན་ཞུས་ཤིང་། ཁོང་གིས་2025ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། ཀྲུང་གོ་དང་ཨ་རིས་ཐུན་མོང་ཐོག་ཞི་བདེ་དང་དྲང་བདེན་གྱི་ཆེད་དུ་དམག་འཐབ་བྱས་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ལ་ཁྲག་དྲོན་དང་མེ་ལྕེའི་ཚོད་བགམ་ཐེག་པར་བྱས་པས་ཡུན་རིང་གི་མཛའ་གྲོགས་གསར་རྐྱང་ཞིག་ཆགས་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་ཚོས“འབྱུང་འགྱུར་ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་བའི”གྲོས་འགོའི་ནང་ཧུར་ཐག་ཞུགས་ནས་སྤེལ་རེས་དང་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཤེས་རྟོགས་བྱེད་ཟབ་ཏུ་གཏོང་བ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་བཅས་བྱས་ཏེ་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་ཞི་བདེར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དེ་གོང་། ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ཡི་ཨ་ཀྲུང་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས་དང་། ལིན་ཁེན་སློབ་འབྲིང་དང་ལུས་རྩལ་ཐང་སློབ་འབྲིང་གི“ལོ་ལྔའི་ཁྲི་5”ཡི་གྲོས་འགོའི་ནང་ཞུགས་ནས་ཀྲུང་གོར་འཚམས་འདྲིར་ཡོང་མྱོང་བའི་དགེ་སློབ་འཐུས་མིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གོ་མི་དམངས་ཡོངས་ལ་ལོ་གསར་གྱི་རྟེན་འབྲེལ་འཕྲིན་ཡིག་བསྐུར་ཞིང་། དགེ་སློབ་100ལྷག་ཙམ་གྱིས་རྟེན་འབྲེལ་འཕྲིན་ཡིག་ཐོག་མིང་རྟགས་བཀོད་ཡོད། དགེ་སློབ་ཚོས་རྟེན་འབྲེལ་འཕྲིན་ཡིག་ཐོག་རྒྱ་ཡིག་གིས“རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ། ལོ་གསར་དགའ་བས་བསུ། ཞི་བདེ་ཁྲི་ལོར་བརྟན་པར་ཤོག ཀྲུང་ཨའི་མཛའ་གྲོགས་ཡུན་དུ་གནས་པར་ཤོག”ཅེས་བྲིས་ཡོད་པ་རེད།