གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་04ཉིན། 13:23】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ནོ་ཝོ་ཡཱ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཁྭ་ཏོར་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་45ཡི་རིང་ཀྲུང་ཨེ་དབར་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཉིན་རེ་བཞིན་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་དོན་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། ཀྲུང་གོ་དང་ཨེ་ཁྭ་ཏོར་དབར་གྱི་མཛའ་གྲོགས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ལྷག་པར་དུ་ཀྲུང་ཨེའི་རང་མོས་ཚོང་དོན་གྲོས་ཆོད་ལ་བདེ་བླག་ངང་མིང་རྟགས་བཀོད་པ་དང་འབྲེལ་ནུས་པ་ཐོན་ཏེ་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་ཐུབ་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ངས་ཀྲུང་ཨེའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བ་འགོ་ཚུགས་ས་གསར་པར་བྱས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་ཨེའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ནོ་ཝོ་ཡཱ་ཡིས། ཨེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བ་ནི་དོན་སྙིང་གཏིང་ཟབ་ལྡན་པའི་ལམ་ཚད་རྡོ་རིང་ཞིག་རེད། ལོ་45ཡི་རིང་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཨེ་ཁྭ་ཏོར“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་ནང་ཞུགས་པ་དང་ཨེ་ཀྲུང་རང་མོས་ཚོང་དོན་གྲོས་ཆོད་ལ་ནུས་པ་ཐོན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ནུས་ལྡན་ཕྱིན་ཡོད། ཨེ་ཁྭ་ཏོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་མཉམ་ལས་དམ་ཟབ་བྱས་ཏེ་མཛའ་བཤེས་ཟབ་ཏུ་གཏོང་བ་དང་། སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་ནས་ཐུན་མོང་དར་རྒྱས་ཀྱི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་པ་རེད།