—— ཀྲུའུ་ཞི་ཞི་ཅིན་ཕིང་གི་2025ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ། ②
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་04ཉིན། 13:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་དུང་བརྡ་བཏང་ཡོད” 2025ལོའི་ལོ་གསར་གྱི་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་གི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་ལ་ཕྱིར་ལྟ་གནང་ནས“ང་ཚོས་སྒྱུར་བཅོས་སྒོ་དབྱེའི་དུས་རབས་ཀྱི་རླབས་རྒྱུན་ཆེན་པོ་དང་བསྟུན་ནས་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྒྱུར་བཅོས་སྒོ་དབྱེའི་ཁྲོད་དེ་བས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་ངེས་རེད”ཅེས་ནན་བཤད་གནང་ཡོད།
སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་ཤོས་དང་བརྗིད་ཆགས་མཛེས་སྡུག་ལྡན་ཤོས་ཀྱི་རྣམ་པ་ཞིག་རེད། འདས་ཟིན་པའི་ལོ་གཅིག་ནི་སྤྱིར་བཏང་གཏན་ནས་མིན་པས། མི་རྣམས་ལ་སྐུལ་ལྕག་ཐེབས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མཆོག་ནོར་གལ་ཆེན་གྱི་སྟོབས་ཤུགས་མངོན་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། “ཧྲེན་ཀྲུང་བགྲོད་ལམ་རླབས་གཤགས་མདུན་སྐྱོད་ཐུབ་ཡོད”ཅེས་གླེང་གནང་ཡོད། གོ་ལ་ཧྲིལ་པོའི“ཟམ་པ་དང་། གླིང་ཕྲན། ཕུག་ལམ། ཆུ་འོག་མཉམ་མཐུད”བཅས་གཞི་གཅིག་ཏུ་འདུས་པའི་རྒྱ་མཚོ་སྒྲོལ་བའི་མཉམ་འདུས་ལས་གྲྭ་དང་པོ་དེ་ཡིན་པའི་ངོས་ནས། ཧྲེན་ཀྲུང་བགྲོད་ལམ་ཤར་གཏོང་ཐུབ་ནས་ཟླ་4མ་འགོར་བར་རིམ་རྩིས་བརྒྱབ་ན་རླངས་འཁོར་ཐེངས་ཁྲི་1000ལྷག་ཙམ་སྐྱོད་ཡོད། རིམ་འདས་ལས་གྲྭས་བསྐྲུན་ཐུབ་པ་དང་ཀྲུང་གོའི་མྱུར་ཚད་ཀྱིས་མངོན་འགྱུར་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། སྲོལ་རྒྱུན་གྱི་རགས་སྐོར་འདམ་རྒྱོང་བཟོ་རྩལ་གྱིས་ལས་ཡུན་གྱི་རེ་བ་སྐོང་མི་ཐུབ་པས། གཏིང་འཇུག་རྣམ་པའི་ངར་ལྕགས་སྒོར་མདོང་ཆེ་གྲས་ཀྱིས་གླིང་ཕྲན་བསྐོར་བའི་ཇུས་གཞི་གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་པ་དང་། སྔར་ཡོད་སྒྲིག་ཆས་ཀྱིས་དིམ་མདོང་ཧ་ཅང་ཆེན་པོ་འཕྱོ་འདྲེན་གྱི་རེ་བ་སྐོང་མི་ཐུབ་པས། འཛམ་གླིང་གི་འཕྱོ་འདྲེན་སྒྲིག་སྦྱོར་གཞི་གཅིག་ཅན་གྱི་གྲུ་གཟིངས་ཐོག་མ“དབྱི་ཧང་ཅིན་ཨན་1”ཐོན་ཡོད། འཕེལ་རྒྱས་འཛུགས་སྐྲུན་གྱི་ཁ་བྱང་བཏོན་ཡོད་ལ་སྒྱུར་བཅོས་གསར་གཏོད་ཀྱི་རྩོམ་ཡིག་བྲིས་ཡོད། ལག་རྩལ་གསར་པ་དང་བཟོ་རྩལ་གསར་པ་མང་པོས་ཧྲེན་ཀྲུང་ཟམ་ཆེན་དེ་ཉིད་ལིང་ཏིང་རྒྱ་མཚོའི་ཐོག་གནས་པར་རམ་འདེགས་བྱས་ཡོད། སྒྱུར་བཅོས་ཀྱི་གསོན་ཤུགས་དང་གསར་གཏོད་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཏེ། ང་ཚོས་དཀའ་གནད་རྒྱུན་ཆད་མེད་པར་སེལ་རིང་མདུན་སྐྱོད་ཀྱི་འགྲོ་ལམ་བཏོད་ཡོད།
སྒྱུར་བཅོས་སྒོ་དབྱེ་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལས་དབང་གནས་ས་ཡིན་ལ། མི་དམངས་མང་ཚོགས་ཀྱི་བདེ་རྩའི་བརྟེན་ས་ཡང་ཡིན། ས་གནས་དེ་གའི་དངུལ་ཁང་གི་ཀུན་ཕན་དངུལ་རྩའི་དངུལ་བུན་གྱི་རྒྱབ་སྐྱོར་འོག་ཧྥུའུ་ཅན་ཀྲང་ཀྲོའུ་ཏུང་ཧྲན་རྫོང་ཨའོ་ཅའོ་གྲོང་ཚོའི་ཡུལ་མི་ལིན་ཝུན་ཆིའི་མཚོ་རྟ་གསོ་ཚགས་རིམ་བཞིན་རྒྱུན་ལྡན་གྱི་སྲོལ་ལམ་དུ་བསྐྱོད་ཡོད་ལ། ཁོང་ཡང་དེས་རྐྱེན་པས་ཉེ་འཁོར་དུ་སྐད་གྲགས་ཆོད་པའི་གསོ་ཚགས་དུད་ཆེན་ལ་གྱུར་ཡོད། ཁྲུང་ཆིང་ཝན་ཧྲེང་དཔལ་འབྱོར་གསར་སྤེལ་ཁུལ་དུ་སྤུས་ལེགས་ཤིང་ཏོག་ཚོང་ཁང་བཙུགས་པའི་ཝེ་ཝེ་བསམ་ཡུལ་ལས་འདས་པར“ཁེར་རྐྱང་ཚོང་དུད་ནས་ཁེ་ལས་ལ་བསྒྱུར་བའི”ཐད་ཀའི་ཕྱོགས་སྒྱུར་ཐོ་འགོད་ཆུ་ཚོད་གཅིག་ལྷག་ཙམ་ལས་འགོར་མེད་པ་རེད། ཧུའུ་པེ་ཞའོ་ཀན་གྲོང་ཁྱེར་དུ་འགན་བཅོལ་ལ་ཞུགས་པ་དང་འབྲེལ་ཡུན་རིང་ཧྲན་ཏུང་ཝེ་ཧའེ་རུ་འཚོ་སྡོད་བྱེད་པའི་སྐུ་ཞབས་ཀུང་ལགས་སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་ནད་རིགས་ཀྱི་ཞིང་བརྒལ་ཐད་ཀའི་མཇུག་རྩིས་བྱེད་འགོ་ཚུགས་པ་ལས་ཕན་པ་ཐོབ་པས། སྨན་རིན་རང་གིས་སྔ་རྟིང་སྤྲོད་པ་དང་འཛིན་ཤོག་བསགས་ནས་དེ་སྔའི་འགན་བཅོལ་ལ་ཞུགས་ཡུལ་དུ་རྩིས་ཞུ་བྱེད་པར་འགྲོ་དགོས་བྱུང་མེད། མིག་མཐོང་ལག་ཟིན་ཐུབ་པའི་འགྱུར་ལྡོག་མང་པོ་དང་། ཁ་ཡོད་ལག་ཡོད་ཀྱི་ཐོབ་སྣང་མང་པོ་ལས་འདས་ཟིན་པའི་ལོ་གཅིག་གི་སྒྱུར་བཅོས་ཀྱི་ཁེ་སྤོགས་དང་གྲུབ་འབྲས་ངོ་མ་མཚོན་ཡོད།
སྒྱུར་བཅོས་སྒོ་དབྱེ་ནམ་ཡང་ཚར་དུས་མེད། “ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁ་ཕུ་ཐག་གཅོད་པ་དང་། རྒྱང་ལམ་གསར་པར་གོམ་ཞེང་ཆེན་པོས་མདུན་སྐྱོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར། ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དེ་རྩ་བའི་སྒུལ་ཤུགས་ལ་བརྩིས་ཏེ་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་རྩོམ་དགོས།
ལ་བརྒལ་ཉག་སྒྲོལ་བྱེད་སྐབས། ལྷག་པར་དུ་སྒྱུར་བཅོས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྒྱུར་བཅོས་ཐད་འགག་སྒྲོལ་ཕོད་པར་བྱེད་དགོས། ད་ཆའི་ཀྲུང་གོའི་མདུན་སྐྱོད་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ཇི་ཙམ་མདུན་སྐྱོད་བྱས་ན་དེ་ཙམ་གྱིས་དཀའ་ཚེགས་ཆེ་བ་དང་། ཇི་ཙམ་གྱིས་མདུན་སྐྱོད་བྱས་ན་དེ་ཙམ་གྱིས་ཉེན་ཁ་ཡོད་ཅིང་། མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་ཐེབས་པས་མདུན་སྐྱོད་མ་བྱས་ན་འགྲིག་ཐབས་མེད། གང་ལ་བརྟེན་ནས་ལམ་འཕྲང་སྒྲོལ་དགོས་པ་དང་། གང་ལ་བརྟེན་ནས་ཞུམ་མེད་མདུན་སྐྱོད་བྱེད་དགོས་སམ་ཞེ་ན། “རི་བོའི་རྩེ་མོར་འཛེག་པར་དཀའ་ངལ་ལ་མི་སྐྲག་པའི”ངར་ཤུགས་དང་། “རི་བོ་འཕྲད་ན་ལམ་འབྱེད་པ་དང་། ཆུ་བོ་འཕྲད་ན་ཟམ་པ་རྒྱག་པའི”བློ་སྟོབས་ལ་བརྟེན་དགོས་པ་དེ་ཡིན། ལོ་རྒྱུས་ཀྱི་རང་འགུལ་དར་སྤེལ་བཏང་ནས“ལག་ལེན་གྱི་ལེའུ”དང“དུས་རབས་ཀྱི་ལེའུ་གསར་པ”མུ་མཐུད་ཡག་པོ་བརྩམས་ཚེ། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནུས་སྐྱེད་ཐུབ་ནས་ཀྲུང་གོ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཐུབ་ངེས་ཡིན།
ཆུ་བོ་དང་གཙང་པོ་ཆེན་པོ་རླབས་འཕྲད་ལྡོག་སྐྱོད་བྱེད་སྲོལ་ཡོད་ཀྱང་རྟག་ཏུ་རླབས་གཤཌ་མདུན་སྐྱོད་བྱེད་བཞིན་མཆིས། ཀྲུང་གོའི་དཔལ་འབྱོར་ལ་གནས་སྐབས་འཕར་ཆག་བྱུང་ཡོད་མོད། འོན་ཀྱང་འཕེལ་ཕྱོགས་ལེགས་འགྱུར་ལ་འགྱུར་ལྡོག་བྱུང་མེད། འདས་ཟིན་པའི་ལོ་ཟླར་ཕྱིར་མིག་བལྟས་ཚེ། ང་ཚོ་ནམ་ཡང་ཆར་རླུང་གི་ཉམས་སད་ཁྲོད་འཚར་ལོངས་བྱུང་བ་དང་ཚོད་བགམ་ཁྲོད་རྒྱ་སྟོབས་ཆེ་རུ་ཕྱིན་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་སྒྱུར་བཅོས་སྒོ་འབྱེར་བརྟེན་ནས་སྒུལ་ཤུཌ་དང་གསོན་ཤུགས་འཕེལ་བར་བྱེད་པ་དང་། གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་ཚེ། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཐུབ་ངེས་ཡིན།