གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་03ཉིན། 14:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་མཚོ་སྔོན་སྣུམ་ཞིང་གི་སེ་པེ་རླངས་ཞིང་ནས་ལོ་14བསྟུད་མར་ཐོན་འབབ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་50ཐོན་སྐྱེད་བརྟན་པོ་བྱུང་རྗེས་རང་བྱུང་སོལ་རླངས་ཐོན་འབབ་སླར་ཡང་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་50ལས་བརྒལ་བ་རེད།
སེ་པེ་རླངས་ཞིང་ནི་ཚྭ་འདམ་གཞོང་སའི་ཤར་རྒྱུད་ཀྱི་སེ་ཉེ་མཚེའུ་འགྲམ་དུ་གནས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་265ཡོད་ཅིང་། ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་2750ཟིན་པ་དང་ས་ཁམས་ཁོར་ཡུག་ནི་གྲམ་ཐང་དང་ཚྭ་བུལ་འདམ་རྫབ་ཁུལ་ཡིན་སྟབས་ལོ་མང་ཐན་པ་དང་གསོ་རླུང་དཀོན་པ་དང་རྩྭ་རྐང་གཅིག་ཀྱང་སྐྱེ་གི་མེད་ལ། སྤྱི་ཚོགས་ཀྱི་བརྟེན་ས་དང་ཚྭ་མེད་ཆུའི་ཐོན་ཁུངས་མེད་པས། གསོ་རླུང་འདུས་ཚད་ནང་སའི70%ཡས་མས་ལས་མེད་པ། དེ་ནི་རྒྱལ་ནང་གི་ས་བབ་མཐོ་ཤོས་དང་། ཁོར་ཡུག་ཞན་ཤོས། ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་སོལ་རླངས་ཐོན་ཁུལ་རེད་ལ་མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སོལ་རླངས་འབྱུང་ཁུངས་གཙོ་བོ་ཡང་རེད།
སེ་པེ་རླངས་ཞིང་ནི་1964ལོར་གསར་དུ་རྙེད་པ་དང་། 1995ལོར་ཚོད་ལྟའི་སྔོག་འདོན་གསར་སྤེལ་བྱས་པ་དེ་ཨང་དང་པོ་དང་། ཨང་གཉིས་པ། ཐའེ་ནན་བཅས་རླངས་ཞིང་ཆེན་པོ་གསུམ་ལས་གྲུབ་ཅིང་། གསོག་ཚད་མཐོ་བ་དང་། གཏིང་ཚད་ཐུང་བ། སྤུས་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། 2024ལོར་མཚོ་སྔོན་སྣུམ་ཞིང་གིས་གཙོ་བོ་སེ་པེ་རླངས་ཞིང་གི་མཐའ་འཁོར་ཁུལ་དང་། སེ་པེའི་གཙོ་གནད་ཁུལ་གྱི་གཏིང་རིང་དང་། གཏིང་ཐུང་། སོལ་རླངས་འདུས་པའི་རྒྱ་ཁྱོན་གྱི་ཕྱི་ངོས་སོགས་ལ་དམིགས་ནས། སོལ་རླངས་འདུས་ཚད་དབྱེ་འབྱེད་ཀྱི་ཚད་གཞི་བསྐྱར་དུ་གཏན་འཁེལ་བྱས་ཏེ། བང་རིམ་ཆུང་ཆུང་28ལ་བརྟེན་ནས“ངོས་དང་གཞུང་དུ་རྒྱ་བསྐྱེད་གཏོང་བ”དང་ལྷག་པར་དུ་སོལ་རླངས་གནས་ཡུལ་གཙོ་བོའི་གཏིང་རིམ་དང་མཐའ་འཁོར་ཁུལ་དུ་ཚད་བརྒལ་གསར་པ་བྱུང་སྟེ། རྗེས་མཐུད་ཀྱི་ཚོད་ལྟའི་སྔོག་འདོན་དང་གསོག་འཇོག་མང་དུ་གཏོང་བ་དང་ཐོན་ནུས་མཐུད་ཚབ་བྱེད་པར་ཁ་ཕྱོགས་གསར་པ་བྱུང་བ་རེད།