འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་21ཉིན།

༄༅།།ཁྲིམས་འགལ་ངང་མེ་མདའ་བཟུང་བའི་ནག་ཉེས་ཚབས་ཆེན་བསགས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་20ཉིན། 13:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    2024ལོའི་ཟླ་12ཚེས་19ཉིན། ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ་དབྱང་ཁེ་ཉིང་གིས་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་ཉར་བའི་གྱོད་གཞིར་འདྲི་ཞིབ་བྱས་པ་རེད།

    ནན་ཐུང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་སྦྱོར་ཞུ་གཏུག་བྱས་པ་སྟེ། 2003ལོ་ནས་2023ལོའི་བར། ཞུ་སྦྱོར་ཕྱི་མ་དབྱང་ཁེ་ཉིང་གིས་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་འཛམ་ཐང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བ་དང་། རྔ་པ་ཁུལ་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རྔ་པ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། རྔ་པ་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་སོགས་ཀྱི་གོ་གནས་ཀྱི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་པ་དང་ཁེ་ལས་གཉེར་སྐྱོང་སོགས་ཀྱི་ཐད་རོགས་རམ་བྱས་ནས། ཁྲིམས་འགལ་ངང་རྒྱུ་དངོས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་7223ལྷག་ཙམ་བླངས་ཡོད་པ་རེད། 2008ལོ་ནས་2010ལོའི་བར། དབྱང་ཁེ་ཉིང་གིས་ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་རག་ཐབས་བྱས་ནས་སྡོད་གནས་སུ་ཉར་ཚགས་བྱས་ཡོད་པས་གནས་ཚུལ་ཚབས་ཆེན་ཡིན། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་ཉར་བའི་ཉེས་པའི་ཐོག་ནས་དབྱང་ཁེ་ཉིང་གི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུའི་རེ་བ་བཏོན་ཡོད།

    ཁྲིམས་སར་འདྲི་གཅོད་བྱེད་རིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་དབྱང་ཁེ་ཉིང་དང་ཁོང་གི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་ཡོད། ཚོད་འཛིན་དང་དག་འབུད་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་ཞིང་། དབྱང་ཁེ་ཉིང་གིས་མཐའ་མའི་གསལ་བཤད་བྱས། ཁྲིམས་སར་རང་ཉེས་ངོས་ལེན་དང་རང་ནོངས་འགྱོད་བཤགས་བྱས།

    ཁྲིམས་སའི་འདྲི་གཅོད་ཀྱི་མཇུག་མཐར། ཁྲིམས་ཁང་གིས་ཁྲིམས་ས་འཚོག་མཚམས་འཇོག་རྒྱུ་དང་དུས་བདམས་ནས་ཁྲིམས་ཆད་བསྒྲགས་རྒྱུ་ཁྱབ་བསྒྲགས་བྱས།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། གསར་འགྱུར་གསར་འགོད་པ། ལས་རིགས་ཁག་གི་མང་ཚོགས་བཅས་མི་སུམ་ཅུ་ལྷག་གིས་ཁྲིམས་སའི་འདྲི་གཅོད་ལ་ཟུར་ཉན་བྱས་པ་རེད།