འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་19ཉིན།

༄༅།།མཚོ་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་ལྔ་པ་མཚོ་སྔོན་དུ་སླེབས་རྗེས་ཀྱི་ལོ་གསུམ་པའི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་19ཉིན། 09:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་16ཉིན། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་གཙོ་གཉེར་བྱས་པའི་མཚོ་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་ལྔ་པ་མཚོ་སྔོན་དུ་སླེབས་རྗེས་ཀྱི་ལོ་གསུམ་པའི་གསོ་སྦྱོང་འཛིན་གྲྭ་ཞིང་ཨུད་ཏང་གི་སློབ་གྲྭར་གཉེར་འགོ་ཚུགས་པ་རེད། མཚོ་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་ལྔ་པ་དང་། ཤར་ནུབ་རྒྱུད་ཀྱི་མཉམ་སྒྲུབ་རོགས་སྐྱོར་ལས་བྱེད་པ། འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག་24པའི་ཁོངས་མི་བཅས་ཁྱོན་མི་491ད་ཐེངས་ཀྱི་དུས་ཡུན་ཉིན་5ཡི་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཡིན་པའི་ནང་ཆབ་སྲིད་དང་། དཔལ་འབྱོར། ཁྲིམས་སྐྱོང་སོགས་དང་འབྲེལ་བ་ཡོད་པའི་ཆེད་དོན་སློབ་ཚན་ཡོད་ལ། སློབ་གསོ་དང་། སྨན་བཅོས། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་འགུལ་དང་ཡུལ་དངོས་ཀྱི་ལྟ་སྐོར་ཡང་ཡོད་པས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཚན་རིག་གི་རང་བཞིན་དང་། གོ་ཆོད་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་འབུར་དུ་ཐོན་པ་མ་ཟད། མཚོ་སྐྱོར་ཤེས་ལྡན་ལས་བྱེད་པ་དང་། ཤར་ནུབ་རྒྱུད་ཀྱི་མཉམ་སྒྲུབ་རོགས་སྐྱོར་ལས་བྱེད་པ། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་བཅས་ལ་མཚོ་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་ནས་འབྲེལ་འདྲིས་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལས་གནས་ལ་གཞི་ཚུགས་ནས་ནུས་པ་དེ་བས་ཡག་པོ་འདོན་པའི་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གཉིས་ལྷག་ཙམ་རིང་། མཚོ་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་ལྔ་པས“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་བློའི་གོ་རྟོགས་དེ་བས་མཐོ་བའི”དད་སེམས་མཐའ་འཁྱོངས་བྱས་ཐོག ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ནས“མཚོ་སྔོན་ལ་རྒྱུས་མངའ་ཡོད་པ་དང་། མཚོ་སྔོན་ལ་དགའ་ཞེན་ཆེ་བ། མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི་འགན་འཁྲི་ལག་ལེན་གཏིང་ཟབ་བསྟར་ཏེ“མཚོ་སྔོན་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་མཚོ་སྐྱོར་སྟོབས་ཤུགས་ཆེ་ཤོས་སྐྱེས་སུ་འབུལ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། རིམ་རྩིས་བརྒྱབ་ན་མཚོ་སྐྱོར་མ་དངུལ་སྒོར་དུང་ཕྱུར་77.21བཏང་ནས་ཁྱབ་ཁོངས་ཁག་གི་རྣམ་གྲངས་1766སྤེལ་བ་དང་། བོད་འབྲེལ་གྱི་ཀྲོའུ་དང་རྫོང་ཁག་གི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ཐོབ་མཁན་སྨན་ཁང་20ལ་དོས་དྲག་དང་ཉེན་ཆེའི་ཚབས་ལྕིའི་ནད་གཞི་བཅས་སྐྱོབ་བཅོས་བྱེད་སའི“ལྟེ་གནས་ལྔ”79བསྐྲུན་ནས་རིམ་རྩིས་བརྒྱབ་ན་དོས་དྲག་དང་། ཉེན་ཆེ། ཚབས་ལྕིའི་ནད་པ་མི་ཐེངས་ཁྲི་15ལ་སྐྱོབ་བཅོས་བྱས་པ་དང་། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱ་ཡུལ་མཐོ་རིམ་སློབ་འབྲིང་9དང“ཚོགས་སྒྲིག་རྣམ་པའི”རྒྱབ་སྐྱོར་བྱ་ཡུལ་མཐོ་རིམ་སློབ་འབྲིང་6གི་སློབ་མ་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་38%དང་60%བར་སོ་སོར་མཐོ་རུ་ཕྱིན་པ་སོགས་མཚོ་སྐྱོར་ཤེས་ལྡན་ལས་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་དང་གཟེངས་སུ་ཐོན་པའི་ལས་ཀའི་གྲུབ་འབྲས་ལ་མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁས་ལེན་གང་ལེགས་དང་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་པ་རེད།