གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་19ཉིན། 09:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ད་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཐོན་ལས་ཀྱི‘ས་ཆ་བཞི’འཛུགས་སྐྲུན་ལ་དམ་པོར་དམིགས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་དངུལ་གྱི་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཧུར་ཐག་བྱས་ནས་ཞིང་ཆེན་ཡོངས་ཀྱིས་ཕྱི་དངུལ་སྤྱོད་པའི་ཐད་ཕན་འབྲས་གསར་པ་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད”ཟླ་12ཚེས་12ཉིན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཞིང་ཆེན་ཡོངས་ཀྱིས་ཕྱི་དངུལ་དངོས་སུ་སྤྱད་ཚད་ན་ནིང་གི་དུས་མཚུངས་ལས་ལྡབ་8.38འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ཞིང་ཆེན་ཡོངས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་གང་མགྱོགས་འཕར་ཡོད་ཅེས་ངོ་སྤྲོད་བྱས།
མཚོ་སྔོན་གྱིས་དམིགས་ཚད་ལས་འགན་ལ་དམིགས་པ་དང་ཕྱི་དངུལ་གྱི“གཞི་གདན”བརྟན་པོ་ཡོང་བར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས《ཕྱི་ཕྱོགས་ཚོང་པའི་མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ཕྱི་རྒྱལ་ཚོང་པའི་མ་དངུལ་འགུགས་ཐབས་བྱེད་ཤུགས་ཆེ་རུ་གཏོང་བའི་མཚོ་སྔོན་ཞིང་ཆེན་གྱི་བྱེད་ཐབས་འགའ་ཞིག》དང《མཚོ་སྔོན་ཞིང་ཆེན་གྱི་ཕྱི་དངུལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་ཁས་ལེན་བྱ་ཐབས》སོགས་རིན་ཐང་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཕྱི་དངུལ་ནང་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཕྱི་དངུལ་འདྲེན་འགུགས་ཀྱི་ཐབས་ལམ་རྒྱ་སྐྱེད་པ། ཞབས་ཞུ་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་རྒྱལ་ཚོང་པའི་མ་འཇོག་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་རྒྱ་སྐྱེད་པ་བཅས་བྱ་རྒྱུར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པའི་རྨང་གཞི་འདིང་ཐུབ་ཡོད། ད་ཡོད་ཀྱི་ཕྱི་རྒྱལ་ཚོང་པས་མ་འཇོག་གི་བཀོད་པ་ལེགས་སྒྲིག་ཧུར་ཐག་བྱས་ནས་མཚོ་སྔོན་གྱི་ནུས་རྒྱུ་གསར་པ་དང་། བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས། ལྗང་མདོག་རྩིས་ནུས་སོགས་ཀྱི་ཁྱབ་ཁོངས་སུ་མ་དངུལ་བཏང་ནས་ཞིང་ཆེན་ཡོངས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་པར་འཕེལ་རྒྱས་གསར་པ་བྱུང་ཡོད།
དེ་དང་དུས་མཚུངས། ཐོན་ལས་ཀྱི“ས་ཆ་བཞིའི”ལེགས་ཆ་གསར་པར་བརྟེན་ནས་ཚྭ་མཚོའི་ཐོན་ཁུངས་དང་། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། གྲངས་གཞི་ཆེན་པོ། ཁྱད་ལྡན་ཞིང་འབྲོག་ལས་སོགས་གཙོ་གནད་ཐོན་ལས་ཆེ་གྲས་7ལ་དམིགས་ནས་འཁོར་འབྲེལ་སྣུར་སྲིང་དང་། གསབ་པ། སྟོབས་ཆེར་གཏོང་བ་བཅས་ཀྱི་གཙོ་གནད་རྣམ་གྲངས་མཛོད་བཙུགས་ཏེ་ཕྱི་དངུལ་གྱི་བྱེད་པོ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་ཡོད། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཞིང་ཆེན་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པས་མ་འཇོག་བྱེད་པའི་ཁེ་ལས་14ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས་40%འཕར་ནས་ཕྱི་དངུལ་གྱི་བྱེད་པོ་སྐྱེད་སྲིང་ཐད་ཚད་བརྒལ་གསར་པ་བྱུང་ཡོད།
ཕྱི་དངུལ་བེད་སྤྱོད་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱེད་པ་དང་འགོ་ཁྲིད་ཀྱིས་ཕྱི་དངུལ་གྱི་ཁེ་ལས་གཙོ་བོ་འགན་གཙང་ལེན་པ་དང་སྦྲེལ་མཐུད་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ནས་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱས་པ་དང་། ཕྱི་དངུལ་ཁེ་ལས་ཀྱི་གྲལ་སྒོར་གྲོས་ཚོགས་འཚོགས་པ་དང་ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་ཡོང་ཐབས་སྐོར་གྱི་སྲིད་ཇུས་སྒྲོག་འགྲེལ་ཤུགས་ཆེན་བྱས་ནས་ཁེ་ལས་ཀྱི་རེ་ཞུ་ཐག་གཅོད་བྱས་པ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་གཏུག་བཤེར་ལམ་སྲོལ་གྱི་ནུས་པ་འདོན་པ་དང་། མ་འཇོག་གིས་སྐུལ་འདེད་དང་ཁེ་དབང་སྲུང་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བ། ཕྱི་རྒྱལ་ཚོང་པས་མ་དངུལ་འཇོག་པའི“ནང་ངོས་མཐུན་རྐྱེན”རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཕྱི་དངུལ་ཁེ་ལས་ཀྱིས་མཚོ་སྔོན་དུ་འཕེལ་རྒྱས་གཏོང་བའི་གདེང་ཚོད་ཆེ་རུ་བཏང་ཡོད།
ཐོན་ལས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་བསྟུན་ནས་སྤུས་ལེགས་ཀྱི་ཕྱི་དངུལ་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་མཚོ་སྔོན་ཞིང་ཆེན་དུ་བཅའ་ཞུགས་བྱས་ཡོད། ལྗང་མདོག་རྩིས་ནུས་དང་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་ཁེ་ལས་ནང་འདྲེན་ཐོག་མར་བྱས་པ་དང་དུས་མཚུངས་འོད་ཤུགས་ཐོན་ལས་དང་སྐྱེ་དངོས་སྨན་རྫས་ཐོན་ལས་སོགས་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཕྱི་དངུལ་གཙོ་གནད་རྣམ་གྲངས་ཁག་གཅིག་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཡོད་པ་རེད།
མཚོ་སྔོན་གྱི་རིམ་ཁག་ཚོང་དོན་སྡེ་ཚན་གྱིས“མ་འཇོག་ཀྲུང་གོའི”མཚོ་སྔོན་གྱི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐོན་ལས་ཀྱི“ས་ཆ་བཞི”འཛུགས་སྐྲུན་གྱི་ལེགས་ཆ་གསར་པར་བརྟེན་ནས་འབྲི་ཆུའི་ཟུར་གསུམ་ཁུལ་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་མཚོ་སྔོན་གྱི་གཙོ་གནད་ཐོན་ལས་འོས་སྦྱོར་ཚོགས་འདུ་ཐོག་མར་འཚོགས་པ་དང་། ཚོང་དོན་པུའུ་དང་། ཐའེ་ཀང་ཨའོ་སིས་གཉེར་བའི་ཀང་ཨའོ་ཡི་ཁེ་ལས་ཀྱིས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དང་མཉམ་དུ་གཉིས་ཕན་མཉམ་ལས་ཀྱི་དྲིལ་བསྒྲགས་སྦྲེལ་མཐུད་བྱེད་སྒོར་ཐོག་མར་ཞུགས་པ། མཚོ་སྔོན་དང་ཤང་ཀང་གི་དཔལ་འབྱོར་ཚོང་དོན་འོས་སྦྱོར་ཚོགས་འདུ་འཚོགས་པ། “མ་འཇོག་དང་ངོ་འཕྲད་གྲོས་མོལ་ཚོགས་འདུ”སོགས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་གོ་སྐབས་སྤྱད་དེ་མཚོ་སྔོན་གྱི་གྲུབ་འབྲས་གསར་པ་དང་ཐོན་ལས་ཀྱི་ལེགས་ཆ་གསར་པ་དྲིལ་བསྒྲགས་ཧུར་ཐག་བྱས་ནས། མཚོ་སྔོན་གྱིས་ཕྱི་དངུལ་ནང་འདྲེན་བྱེད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པས་ལས་སྟེགས་ཀྱི་མ་དངུལ་ནང་འདྲེན་གྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།